༢༠༡༥ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་ཁང་ Jawaharlal Nehru University དུ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་དབུ་མ་པའི་ལྟ་གྲུབ་ཀྱིས་ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་ལ་དཔྱད་ཚུལ་དང་དེང་རབས་ཚན་རིག་གི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གམ་ཀོན་ཊོམ་ཕི་སིག་སི་ Quantum Physics ཐོག་ནས་ཆོས་རྣམས་ཀྱི་ཡིན་ལུགས་ལ་དཔྱད་ཚུལ་གྱི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས། དེ་ཡང་༸གོང་ས་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་སྐབས་གཙུག་ལག་སློབ་ཁང་གི་རེག་ཊར་ Rector གཙུག་ལག་སློབ་དཔོན་སྐུ་ཞབས་པྲ་སེན་ཇིཏ་སེན་ Prof Prasenjit Sen མཆོག་དང་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེ་སི་ཀེ་སོ་པོ་རི་ Vice-Chancellor Prof SK Sopory མཆོག དེ་བཞིན་བོད་རིགས་སློབ་མ་སོགས་ཀྱིས་ལག་ཏུ་མཇལ་དར་ཐོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་ཚོགས་ཁང་དུ་གདན་ཞུས་ཀྱིས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་བསྟུན། གཙུག་ལག་སློབ་དཔོན་སྐུ་ཞབས་པྲ་སེན་ཇིཏ་སེན་མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་བ་མ་ཟད། བགྲོ་གླེང་ལྷན་ཚོགས་སྐོར་སྙན་སྒྲོན་ཞུ་སྐབས་ཁོང་གིས། ཐེངས་འདིར་དབུ་མའི་ལྟ་གྲུབ་སྐོར་གྱི་མཁས་པ་དང་། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ཐོག་མཁས་པའི་མི་སྣ་ཁག་གཅིག་དེ་རིང་འདིར་མཉམ་འཛོམས་ཀྱིས་གནའ་དེང་གི་ལྟ་གྲུབ་དེ་གཉིས་ཀྱི་དངོས་པོའི་གནས་ལུགས་གཟིགས་ཚུལ་སྐོར་བགྲོ་གླེང་མཛད་རྒྱུ་རེད། བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུ་དགོས་དོན་ཡང་གཟིགས་ཚུལ་དེ་གཉིས་པོ་མཐར་གྲུབ་དོན་གཅིག་ཐོག་འབབ་ན་བསམས་པ་རེད།
དེར་བརྟེན་དེ་རིང་འདིར་མཁས་དབང་ཁག་གཅིག་གདན་འདྲེན་ཞུ་རྒྱུ་ཧ་ཅང་གནད་འགག་ཆགས་ཡོད། ཅེས་གསུངས་པ་དང་སྦྲགས། སློབ་མ་རྣམས་ཀྱིས་རྫ་ལས་བཟོས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་སྡིངས་ཆའི་སྟེང་གཤམས་པ་དེ་དག་ངོ་སྤྲོད་གནང་། དེ་རྗེས་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེ་སི་ཀེ་སོ་པོ་རི་མཆོག་གིས་༸གོང་ས་མཆོག་གིས་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུ་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་མཛད་པ་མ་ཟད། ལྷག་པར་ནེ་རུ་གཙུག་ལག་སློབ་ཁང་ལྟ་བུའི་ནང་བགྲོ་གླེང་འདི་ལྟ་བུ་གོ་སྒྲིག་ཞུས་ཐུབ་ཚེ་དགེ་མཚན་ཧ་ཅང་ཡོད་པའི་བཀའ་སློབ་སྩལ་བར་བརྟེན། ཐེངས་འདིར་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། དེར་བརྟེན་ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། དེ་རྗེས་༸གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་དོན། བཀུར་འོས་སྤུན་ཟླ་ཕོ་མོ་རྒན་གཞོན་རྣམ་པར་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་གང་ཟག་དཀྱུས་མ་ཞིག་ལས་དམིགས་བསལ་བ་ཞིག་གང་ཡང་མིན། ངོས་རང་བྱིས་པ་ལོ་ ༧།༨ སྐབས་ནས་བློ་འཛིན་བྱ་རྒྱུ་འགོ་བཙུགས་པ་རེད། ད་ལྟ་ལོ་ ༨༠ བསླེབས་ཡོད་ཀྱང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཚོས་མཛད་པའི་གཞུང་དེ་དག་ལ་ཉིན་ལྟར་ལྟ་ཀློག་བྱས་པ་ཙམ་དུ་མ་ཟད་གང་ཐུབ་བསམ་བློ་གཏོང་བཞིན་ཡོད། དེས་བསམ་བློ་གུ་ཡངས་པོ་བྱ་རྒྱུར་ཕན་ཐོགས་འདུག ལྷག་པར་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་ངས་གང་བཤད་པ་དེར་ང་ལ་དད་པ་དང་གུས་ཞབས་བྱས་ནས་ཡིད་ཆེས་མ་བྱས་པར་དེར་བརྟག་དཔྱད་བྱས་ནས་ཁས་ལེན་བྱོས། ཞེས་གསུངས་ཡོད། ངོས་རང་དེར་མོས་པོ་ཡོད།
ངོས་རང་ལོ་ ༡༩།༢༠ སྐབས་འཕྲུལ་ཆས་རིགས་ལ་དོ་སྣང་ཧ་ཅང་ཡོད། འཕྲུལ་ཆས་དེ་དག་ལས་ཀ་བྱེད་སྟངས་གང་འདྲ་ཡིན་ནམ་སྙམ་པའི་སེམས་ནང་ཡ་མཚན་པོ་ཞིག་ཤར་གྱི་ཡོད། དེར་བརྟེན་རིམ་བཞིན་ཚན་རིག་ལ་དོ་སྣང་བསླེབས་པ་དེ་འདྲ་རེད། དེ་ནས་ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་རྒྱ་ནག་ཏུ་མའོ་ཙེ་ཏུང་ཐེངས་འགའ་ཤས་ཐུག་པ་རེད། སྐབས་ཤིག་ཁོང་གིས་ངོས་ལ་ཚན་རིག་པའི་བསམ་བློ་འདུག ཅེས་བསྔགས་བརྗོད་གནང་བ་དང་སྦྲགས། ཆོས་དེ་དུག་རེད། ཅེས་བརྗོད་བྱུང་། ཕལ་ཆེར་གཅིག་བྱས་ནས་ཚན་རིག་པའི་བསམ་བློ་ཡོད་མཁན་ལ་སྐད་ཆ་དེ་འཇུག་པོ་ཞིག་ཡོང་གི་རེད་བསམས་པའི་རེ་བ་གནང་ཡོད་མདོག་ཁ་པོ་རེད། དེ་རྗེས་ངོས་རང་རྒྱ་གར་ནང་དུ་བཙན་བྱོལ་བ་ཆགས་རྗེས་ལས་རིགས་འདྲ་མིན་གྱི་མི་སྣ་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་ཡོད། དེ་ཁོངས་ནས་ཚན་རིག་པ་ཚོ་ཡང་ཡོད། ལྷག་པར་འདས་པའི་ལོ་ངོ་ ༣༠ གོང་ངོས་ཀྱིས་ཚན་རིག་པ་དང་ལྷན་འཇིག་རྟེན་ཁམས་ཀྱི་རིག་པ་དང་ཀླད་ཁམས་རིག་པའི་རྣམ་གཞག ཚད་རྡུལ་དངོས་ཁམས་རིག་པས་གཙོས་དངོས་ཁམས་རིག་པའི་རྣམ་གཞག་སོགས་ཀྱི་སྐོར་ཚན་རིག་པ་དང་ལྷན་གོ་བསྡུར་བྱས་མྱོང་ཡོད། བགྲོ་གླེང་བྱས་པའི་འབྲས་བུར་ཕྱོགས་གཉིས་ཀར་ཕན་ཐོགས་ཧ་ཅང་བྱུང་། ཚན་རིག་པ་ཚོར་མཚོན་ན་མྱོང་ཚོར་སྐོར་དང་ཤེས་པའི་རྣམ་གཞག་གི་འགྲོ་སྟངས་གང་འདྲ་ཡིན་སྐོར་བློ་སྐྱེད་བྱུང་ཡོད་པ་དང་། ང་ཚོར་མཚོན་ན་གཟུགས་ཅན་གྱི་གནས་ལུགས་ཕྲ་མོའི་སྐོར་གནས་ཚུལ་གསར་པ་མང་པོ་ཤེས་ཐུབ་པ་བྱུང་བ་མ་ཟད། རྒྱ་གར་གནའ་རབས་ཀྱི་གཞུང་ནས་འཇིག་རྟེན་གྱི་དབུས་སུ་རིའི་རྒྱལ་པོ་རི་རབས་ཡོད་པའི་འདོད་ཚུལ་དེར་ཁས་ལེན་ཞུ་མ་ཐུབ་པ་བྱུང་། དུས་རབས་ ༨ ནང་གི་རྒྱ་གར་གྱི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོས་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་ནང་པའི་ཡུལ་གྲུ་ཚང་མའི་ཁྲོད་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པ་རྒྱུན་འཛིན་ཐུབ་མཁན་བོད་མི་ཁོ་ན་ཆགས་ཡོད། བོད་མི་ཚོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་ལ་སྦྱངས་བརྩོན་ཧ་ཅང་གནང་བའི་འབྲས་བུར་ད་ཆ་མི་ཉམས་རྒྱུན་འཛིན་ཐུབ་པ་བྱུང་ཡོད། དེ་སྔ་ལོ་ ༡༥།༢༠ གོང་དུ་ཡིན་པ་ཡོད། ཚོགས་འདུ་ཞིག་གི་སར་རྒྱ་གར་གྱི་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རཱ་ཇ་རཱ་མན་ནཱ་ Raja Ramanna མཆོག་གིས་ངོས་ལ། ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་བརྩམས་པའི་གཞུང་དེ་དག་ཀློག་སྐབས་དེ་ཁྲོད་མང་པོ་ཞིག་དེང་རབས་ཚན་རིག་པ་ཚོས་ཚད་རྡུལ་དངོས་ཁམས་རིག་པའི་ quantum physics རྣམ་གཞག་གསུང་བཞིན་པ་དང་ཧ་ཅང་འདྲ་པོ་ཡོད་པ་མཁྱེན་དུས་ཧང་སང་དགོས་པ་བྱུང་། ཞེས་དེ་འདྲ་གསུངས་བྱུང་། དེ་ནས་ལོ་གཅིག་ཙམ་གྱི་གོང་དུ་ཀོལ་ཀ་ཏའི་པྲེ་སི་ཌེན་སིའི་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་སི་བྷ་ཊ་ཅརྱཱ་ the Vice-Chancellor Prof S Bhattacharya ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ནང་རང་ངོས་ནས་གྲུབ་པ་གང་ཡང་མེད་སྐོར་བཤད་པ་མཐོང་སྐབས་སེམས་ཙམ་པ་དང་དབུ་མ་བའི་གཞུང་ནས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་གསུངས་པ་དང་ཧ་ཅང་འདྲ་བ་མ་ཟད། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ་པར་གསུངས་པ་དེ་དང་ཧ་ཅང་འདྲ་པོ་ཡོད་པ་གཟིགས་སྐབས་ངོ་མཚར་སྐྱེས་པ་གསུངས་བྱུང་། དེ་རིང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་མཁན་ཚང་མར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ངོས་ཀྱི་མི་ཚེའི་འགོ་སྟོད་སྐབས་ཚན་རིག་གི་ནུས་པ་དེ་ཕྱི་དངོས་པོའི་འཛུགས་སྐྲུན་རྐྱང་རྐྱང་སྒང་ལ་ཕྱིན་པ་ལྟ་བུ་རེད། དེ་ནས་དུས་རབས་ ༢༠ མཇུག་ཏུ་ཚན་རིག་པ་རྣམས་ཀྱིས་སེམས་ཀྱི་ཞི་བདེ་དེ་ལུས་པོ་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཤེས། ང་ཚོར་དེང་སྐབས་འཕྲད་བཞིན་པའི་དཀའ་ངལ་མང་དག་གཅིག་བསམ་བློ་དང་མྱོང་ཚོར་ལ་བརྟེན་ནས་ཡོང་བཞིན་ཡོད།
བགྲོ་གླེང་འདི་ལྟ་བུས་དོན་དག་གཉིས་བསྒྲུབ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། སོ་སོའི་གོ་རྟོགས་རྒྱ་ཆེ་རུ་གཏོང་ཐུབ་པ་དང་། གནས་ལུགས་རྟོགས་པའི་ཤེས་རབ་གོང་དུ་སྤེལ་ནས་མི་མཐུན་ཕྱོགས་ཀྱི་བློར་གདོང་ལེན་བྱེད་ཐུབ་རྒྱུའི་ཕན་ཐོགས་ཡོད། བྱམས་བརྩེ་དང་ཤེས་རབ་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་པ་ཡིན་ན། འགྲོ་བ་མི་རིགས་ཅིའི་བདེ་དོན་ལ་སྨན་པའི་ཞབས་འདེགས་བསྒྲུབ་རྒྱུའི་མཐུན་རྐྱེན་ཏན་ཏན་ཡོང་རྒྱུ་རེད། ཅེས་བཀའ་སློབ་སྩལ་བསྟུན་བགྲོ་གླེང་དངོས་སུ་དབུ་འཛུགས་མཛད། དེ་ཡང་བགྲོ་གླེང་གི་ཚོགས་ཐེང་དང་པོའི་སྐབས་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེན་མུ་ཀུན་དཱ་ Prof N Mukunda ལགས་ཀྱིས་ཕ་རན་སིའི་ཚན་རིག་ཉམས་ཞིབ་པ་སྐུ་ཞབས་མེ་ཀལ་བྷི་ཊི་བྷོལ་ Prof Michel Bitbol ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ལས་རྟེན་འབྲེལ་ལྟོས་གྲུབ་ཐོག་ཉམས་ཞིབ་གནང་བའི་གྲུབ་དོན་སྙན་ཐོ་ཞིག་སྙན་སྒྲོན་ཞུས། གཞན་ཡང་སྐབས་དེར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་བཞེས་ཚུལ་སྐོར་སོགས་སྙན་སྒྲོན་ཞུས་པ་མ་ཟད། སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ལགས་ཀྱིས་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིག་པའི་སྐོར་སོགས་སྙན་སྒྲོན་ཞུས། ཉིན་རྒྱབ་ཚོགས་ཐེངས་དང་པོའི་སྐབས་གཙུག་ལག་སློབ་དཔོན་སྐུ་ཞབས་རཱ་ཇ་རཱམ་ནིཏྱཱ་ནནྡཱ་ Prof Rajaram Nityananda ལགས་དང་གཙུག་ལག་སློབ་དཔོན་སྐུ་ཞབས་མེ་ཐུ་ཅནྡྲན་ཀུན་ནེལ་ Prof Matthew Chandrankunnel ལགས་བཅས་ཀྱིས་དབུ་མ་པའི་ལྟ་གྲུབ་དང་ཚད་རྡུལ་དངོས་ཁམས་རིགས་པའི་ནང་དངོས་པོའི་དོན་དམ་གྱི་གནས་ལུགས་ལ་དཔྱད་པ་བྱ་ཚུལ་སྐོར་སོགས་སྙན་སྒྲོན་ཞུས་ཡོད།།