༢༠༡༥ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་ཁང་ Jawaharlal Nehru University དུ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་དབུ་མ་པའི་ལྟ་གྲུབ་ཀྱིས་ཆོས་རྣམས་ཀྱི་དོན་ དམ་གྱི་གནས་ལུགས་ལ་དཔྱད་ཚུལ་དང་དེང་རབས་ཚན་རིག་གི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གམ་ཀོན་ཊོམ་ཕི་སིག་སི་ Quantum Physics ཐོག་ནས་ཆོས་རྣམས་ཀྱི་ཡིན་ལུགས་ལ་དཔྱད་ཚུལ་གྱི་བགྲོ་གླེང་ལྷན་ཚོགས་ཉིན་གཉིས་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་དཔེ་དེབ་གཉིས་དབུ་འབྱེད་མཛད་འདུག དེ་ཡང་དཔེ་དེབ་གཅིག་ནི་ལོ་སྔོན་མར་སྐུ་ཚེའི་འཕེན་པ་རྫོགས་པ་དེ་སྔའི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨེ་པི་ཝེན་ཀ་ཊེ་ཤེ་སྭ་རན་དམ་པ་ AP Venkateswaran མཆོག་ལ་རྗེས་དྲན་གྱི་བསྟོད་ཚིག་ཕྱོགས་བསྒྲིགས་བྱས་པ་ཞིག་དང་། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དམ་པ་ཁོང་གི་མཚན་གྱི་སྒྲ་གདངས་དེ་ངག་ནས་བརྗོད་རྒྱུ་ཏོག་ཙམ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། གཞི་རྩའི་ངོས་ཀྱི་གྲོགས་པོ་ཉེ་པོ་ཞིག་ཡིན། དེར་བརྟེན་ངོས་ཀྱི་སྡུག་སྐད་ཤོད་ཡུལ་གཅིག་ཡིན། སྡུག་སྐད་རྒྱག་སྐབས་དམ་པ་ཁོང་གིས་ངོས་ལ་སེམས་ཤུགས་སྤར་གནང་གི་ཡོད། དམ་པ་ཁོང་ནི་བློ་རིག་ཧ་ཅང་དཀྲ་བའི་སྐྱེས་བུ་ཕུལ་བྱུང་ཞིག་ཡིན། ཁོང་གི་བཞུགས་གནས་བྷེང་ལོར་རེད། དེར་བརྟེན་བར་སྐབས་ངོས་རང་བྷེང་ལོར་དུ་ནམ་སླེབ་སྐབས་ངེད་གཉིས་ཐུག་འཕྲད་ཡོང་ཐབས་བྱེད་ཀྱི་ཡོད། ཁ་སང་ངོས་ཀྱིས་དེ་སྔའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལཱམ་མཆོག་གི་སྐོར་ལ་བརྗོད་པ་ལྟར། སྐུ་ཞབས་ཝེན་ཀ་ཊེ་ཤེ་སྭ་རན་མཆོག་སྐུ་འཚོ་བཞུགས་མེད་ཀྱང་ཁོང་གི་མངོན་འདོད་དེ་དག་གསོན་པོར་གནས་ཐབས་ཆེད་ང་ཚོས་འབད་བརྩོན་གང་ཡོད་ཞུ་དགོས། དེབ་འདིས་ཀློག་པ་པོ་རྣམས་ལ་དམ་པ་ཁོང་གི་སྐོར་ཤེས་རྟོགས་ཡོང་རྒྱུ་མ་ཟད། ཁོང་གི་སྐུ་ཚེའི་ནང་བྱས་རྗེས་ཇི་འདྲ་ཞིག་འཇོག་མིན་ཤེས་རྟོགས་ཐུབ་རྒྱུ་རེད།
ཅེས་བཀའ་སློབ་སྩལ་སྐབས་དམ་པ་ཁོང་གི་ལྕམ་སྐུ་ཝེན་ཀ་ཊེ་ཤེ་སྭ་རན་ Mrs Venkateswaran ལགས་དང་སྲིང་མོས་ཐེངས་འདིར་༸གོང་ས་མཆོག་གི་ཕྱག་ནས་དཔེ་དེབ་དབུ་འབྱེད་མཛད་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པར་ཧ་ཅང་དགའ་སྤོབས་བྱུང་ཡོད་སྐོར་སྙན་སེང་ཞུས། གཞན་ཡང་༸གོང་ས་མཆོག་གིས་སྐབས་དེར་དཔེ་དེབ་གཞན་ཞིག་དབུ་འབྱེད་མཛད་པ་དེ་ནི་ནེ་རུ་གཙུག་ལག་སློབ་ཁང་ནང་དུ་བོད་རིགས་ཉམས་ཞིབ་པའི་སློབ་མ་རྣམས་ཀྱིས་འཛམ་གླིང་ཡངས་ཐོག་ཏུ་གྲགས་པ་བོད་ནང་དུ་འགྱུར་བ་འགྲོ་བཞིན་པ་དེར་ཉམས་ཞིབ་བྱས་པའི་ ‘Changes on the Roof of the World – reflections on Tibet’ སྐོར་ཡིན་འདུག དེ་ཡང་དཔེ་དེབ་དེའི་ངོ་སྤྲོད་འབྲི་གནང་མཁན་དེ་སྔའི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ལ་ལིཏ་མན་སིངྒ་ Lalit Mansingh མཆོག་གིས་གསུང་དོན། དེབ་འདི་བརྒྱུད་ནས་བོད་མི་ཚོས་དཀའ་སྡུག་ཇི་འདྲ་མྱངས་དང་མྱོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐོར་སོགས་འཛམ་གླིང་མི་མང་ཚོས་ཤེས་རྟོགས་ཐུབ་རྒྱུ་ཡིན། རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་དེ་བས་ཤུགས་ཆེ་བ་གནང་ཐུབ་རྒྱུ་ཡིན་པ་དང་། དེབ་དེས་བོད་མི་གཞོན་སྐྱེས་མི་རབས་གསར་པ་ཚོས་བོད་མི་ཚོར་བདེན་པའི་རྒྱལ་ཁ་ཞིག་མ་ཐོབ་བར་དུ་བོད་དོན་འཐབ་རྩོད་ཀྱི་རྒྱལ་དར་མུ་མཐུད་དགུང་ལ་འདེགས་རྒྱུ་ཡིན་པའི་རྣམ་པ་གསལ་སྟོན་བྱས་ཡོད། ཅེས་གསུངས།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བོད་ཀྱི་འདས་པའི་ལོ་རྒྱུས་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་སུ་གཅིག་གིས་མ་རེད། ཅེས་བརྗོད་མི་ཐུབ། ང་ཚོར་བྱམས་བརྩེར་གཞི་བཅོལ་བའི་འཚེ་མེད་ཞི་བའི་རིག་གཞུང་ཞིག་ཡོད། རིན་ཐང་དེ་དག་དེང་སྐབས་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད། དེར་བརྟེན་དེང་སྐབས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ནང་དུ་དཔལ་ནཱ་ལེནྡྲའི་བཞེད་སྲོལ་གྲིབ་མ་མེད་པ་དར་ཁྱབ་བྱུང་བ་ལྟར་ཡུལ་གཞན་གང་ལའང་བྱུང་མེད། ལྷག་པར་བོད་སྐད་རང་གི་ཐོག་ནས་དཔལ་ནཱ་ལེནྡྲའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཟེར་ཡག་འདི་བོད་གཅིག་པུ་རེད། དེར་བརྟེན་དེང་སྐབས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་ཚུལ་སྤུས་དག་ལ་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་དགོས་ན་བོད་སྐད་མ་གཏོགས་འགྲོ་ས་མེད། དེ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་མི་ཚོས་ངལ་བ་ཁྱད་དུ་བསད་ནས་ནང་ཆོས་ལ་སློབ་གཉེར་ཧུར་ཐག་གནང་བ་དེ་དང་འབྲེལ་བ་ཡོད། ནང་ཆོས་སློབ་སྦྱོང་བྱེད་པའི་དགོས་དམིགས་དེ་སེམས་ལ་བཟོ་བཅོས་རྒྱག་ནས་སེམས་བཟང་དུ་གཏོང་རྒྱུ་དེ་རེད།
ཕྱི་ལོ་ ༡༩༦༠ ནང་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་མི་ཚོར་རྒྱབ་སྐྱོར་གནང་རོགས་ཞེས། འབོད་སྐུལ་ཞུས་པ་རེད། འོན་ཀྱང་ནེ་རུས་དེ་སྔ་གསུངས་པ་ལྟར་གྲུབ་འབྲས་མ་བྱུང་བ་རེད། ནེ་རུས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་ན་བོད་པའི་ཕྲུ་གུ་རྣམས་ལ་སློབ་སྦྱོང་སྤྲོད་དགོས་པའི་ལམ་སྟོན་བཀའ་སློབ་གནང་བྱུང་། ཁོང་གི་ལམ་སྟོན་དེ་རླབས་ཆེན་རེད་འདུག དུས་རབས་ ༩ སྐབས་སུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན། སྐབས་དེར་བོད་རྒྱ་ཧོར་གསུམ། ཞེས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ལ་བརྩི་སྲོལ་བྱུང་འདུག དེང་སྐབས་སུའང་བོད་དོན་འཐབ་རྩོད་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱབ་སྐྱོར་ཐོབ་མུས་ཡིན། ངོས་རང་ད་ཆ་ལོ་ན་ ༨༠ བསླེབས་སོང་། ད་ཆ་ངོས་རང་མེད་ནའང་བོད་མི་གཞོན་སྐྱེས་མི་རབས་གསར་པ་ཚོས་འགན་འཁྱེར་ཐུབ་པར་བརྟེན། ངོས་རང་བློ་བདེ་པོ་བྱས་ནས་འགྲོ་ཆོག་པ་འདུག ཅེས་བཀའ་སློབ་སྩལ། དེ་རྗེས་བགྲོ་གླེང་ལྷན་ཚོགས་དངོས་གཞི་དབུ་འཛུགས་མཛད། སྐབས་དེར་ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་སུནྡར་ས་རུ་ཀ་ཡི་ Prof Sundar Sarukkai ལགས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ནང་གསུངས་པ་དང་ཕྱོགས་མཚུངས་དེང་སྐབས་ཚན་རིག་པ་ཚོས་རྡུལ་ཕྲན་གྱི་རྩོམ་གཞི་མཐར་གཏུགས་པ་ཡིན་ན་རླབས་རྡུལ་གྱི་རང་བཞིན་ wave-particle duality ལས་མ་འདས་པ་དང་། རླབས་དེ་རྡུལ་གྱི་ངོ་བོ་དང་རྡུལ་དེ་ཡང་རླབས་ཀྱི་རང་བཞིན་དུ་རྣམ་པ་འཆར་ཚུལ་སྐོར་གསུངས་པ་མ་ཟད། རྒྱ་གར་གྱི་དངོས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་རཱ་ཇ་རམནྣཱ་ Raja Ramanna མཆོག་ཁོང་གི་དགེ་རྒན་ཡིན་སྐོར་གསུངས། ཕྱོགས་མཚུངས་དགའ་ལྡན་དགེ་བཤེས་བྱང་ཆུབ་སངས་རྒྱས་ལགས་ཀྱིས་སྐབས་དེར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐོར་འབྲི་རྩོམ་གནང་བ་དེ་སྙན་སྒྲོན་ཞུས་སྐབས་ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཞིང་། དབུ་མ་ཐལ་རང་གཉིས་ཀས་ཆོས་ཐམས་ཅད་མིང་བརྡས་བཏགས་ཡོད་ཙམ་ལས་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཞེས་ཅིང་ལས་དང་ལས་གསོག་མཁན་གཉིས་ཆ་མིང་བརྡས་བཞག་ཙམ་དུ་གྲུབ་པར་བཞེས་སྐོར་གསུངས།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་དངོས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཨར་ཐར་ད་ཇོང་ Prof Arthur Zajonc མཆོག་གིས་སྲོལ་རྒྱུན་གྱི་དངོས་ཁམས་རིག་པའི་ཡུལ་ལ་དཔྱོད་ཚུལ་དང་དེང་རབས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གི་ཡུལ་ལ་དཔྱོད་སྐབས་ཡུལ་ཅན་ལ་ཚད་འཛིན་ཇི་ཙམ་བྱས་མིན་དང་། སྲོལ་རྒྱུན་དངོས་ཁམས་རིག་པའི་གཞུང་ལུགས་ནང་ཡུལ་ཅན་ལ་ཚད་འཛིན་གང་ཡང་མ་བྱས་པར་ལྟད་མོ་ལྟ་མཁན་ཙམ་ལས་གཞན་འབྲེལ་བ་གང་ཡང་མེད་པར་ངོས་འཛིན་བྱས་ཡོད་པ་དང་། འོན་ཀྱང་དེང་རབས་ཚད་རྡུལ་དངོས་ཁམས་རིག་པས་ཡུལ་ལ་དཔྱད་སྐབས་ཡུལ་ཅན་ཡང་ཚད་འཛིན་དུ་བྱས་ནས་ཡུལ་གྱི་གནས་ལུགས་རྟོགས་ཐབས་གནང་བཞིན་ཡོད་སྐོར་སོགས་སྙན་སྒྲོན་ཞུས། མཐར་༸གོང་ས་མཆོག་གིས་སངས་རྒྱས་རང་ཉིད་ཀྱིས་རྒྱལ་བའི་བཀའ་ལ་སྲེག་བཅད་བརྡར་གསུམ་གྱི་དཔྱད་པ་གནང་དགོས་པ་ལུང་འདྲེན་མཛད་པར་བརྟེན་དོགས་པ་ཟ་རྒྱུ་དང་ཐེ་ཚོམ་གྱི་བློ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། དུས་རབས་ ༢༡ ནང་ཕྱི་དངོས་པོའི་འཕྲུལ་ཆས་ཀྱི་འཛུགས་སྐྲུན་ཡར་རྒྱས་ཚད་མཐོན་པོར་སོན་པ་དེས་མི་ཚེའི་ནང་མཐུན་རྐྱེན་ཞིག་ཆགས་ཀྱང་དེ་ཙམ་གྱིས་སེམས་ནང་ཞི་བདེ་སྐྲུན་ཐུབ་པའི་ངེས་པ་གང་ཡང་མེད།
དེར་བརྟེན་དེང་རབས་ཤེས་ཡོན་དེ་དག་ཁོང་ཁྲོ་དང་འཇིགས་སྣང་གི་རྒྱུ་རུ་མ་སོང་བར་མཐུན་པའི་རྐྱེན་དུ་འགྲོ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་འབྱུང་འགྱུར་གྱི་མདུན་ལམ་དེ་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་བརྟེན་ཡོད། ང་ཚོར་བྱམས་བརྩེས་གཅེས་སྐྱོང་ཐོབ་པར་བརྟེན་འཚོ་ཞིང་ཡོད་པ་ཙམ་དུ་མ་ཟད། དེས་དྲིན་ལས་གཞན་ལའང་བྱམས་བརྩེ་སྤེལ་ཐུབ། ཁོང་ཁྲོ་དང་འཇིགས་སྣང་གིས་ང་ཚོའི་ལུས་པོའི་འཕྲོད་བསྟེན་ལའང་གནོད་བཞིན་ཡོད། དེ་ལས་ལྡོག་སྟེ་སེམས་ཞི་བདེ་བག་ཕེབས་ཡོད་པ་དེས་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་བཞིན་ཡོད་པ་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་གསལ་རྟོགས་ཐུབ་ཡོད། ཁྱིམ་ཚང་གཅིག་གི་ནང་དུ་མཚོན་ནའང་བྱམས་བརྩེ་དང་བརྩེ་གདུང་གི་བསམ་བློ་མེད་ཚེ་བདེ་ཞིང་སྐྱིད་པ་ཞིག་ཡོང་ཐབས་མེད། འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཞིག་ཡིན་པ་ར་སྤྲོད་ཐུབ་སྟབས་རེ་བ་རྒྱག་ས་ཞིག་ཡོད། ང་ཚོས་དོམ་དམ་ཐོག་འབད་བརྩོན་བྱས་པ་ཡིན་ན་འགྱུར་བ་ཏན་ཏན་གཏོང་ཐུབ། དེ་འདྲ་ཡོང་བར་ཤེས་ཡོན་ཐོག་ནས་ཡོང་ཐུབ།
དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོ་རྐྱང་རྐྱང་ལ་གལ་ཆེར་མ་འཛིན་པར་དེ་དང་མཉམ་དུ་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གལ་ཆེ་ཡིན་སྐོར་ལམ་སྟོན་གནང་དགོས། དེ་ཡང་རིས་མེད་ཀྱི་ལྟ་ཚུལ་གཞི་ལ་བཞག་ནས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་བྱེད་དགོས། དེ་འདྲ་ཞིག་བྱུང་ཚེ་འགྲོ་བ་མི་རིགས་ཀུན་ལ་ཁྱབ་ཐུབ། དེར་ངོས་ཀྱི་བསམ་བློའི་འཕྲོད་བསྟེན། ཞེས་བརྗོད་ཀྱི་ཡོད། དེ་རིང་འདིར་ངོས་ཀྱི་བསམ་ཚུལ་འདོན་རྒྱུ་ཞིག་ལ། འབྱུང་འགྱུར་ང་ཚོས་སེམས་དང་མྱོང་ཚོར་སྐོར་ལ་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་ཞིག་གོ་སྒྲིག་གནང་ནས་ལྷན་ཚོགས་ཐོག་ཀླད་རྩ་དང་ཀླད་ཁམས་རིག་པའི་ཁྱད་མཁས་མི་སྣ་གདན་འདྲེན་ཞུ་ཐུབ་པ་བྱུང་ན་བསམས་དྲན་བཞིན་འདུག འདི་ངོས་ཀྱི་བསམ་ཚུལ་ཡིན། ད་ལྟ་འཛམ་གླིང་འདིའི་ཐོག་མིས་བཟོས་པའི་དཀའ་རྙོག་འོག་གནས་སྟངས་ཧ་ཅང་ཐབས་སྡུག་དེ་འདྲ་མཐོང་བཞིན་ཡོད། སྨྲེ་ངག་བཏོན་པ་ཙམ་དང་སྨོན་ལམ་རྒྱབ་པ་ཙམ་གྱིས་དེ་ཙམ་ཕན་ཐོགས་མེད། དཀའ་ངལ་དེ་དག་ཕལ་ཆེ་བ་ང་ཚོ་མིས་བཟོས་པ་ཞིག་ཡིན་སྟབས་སེལ་ཐབས་ཡང་མིས་བྱེད་དགོས། དེ་གཅིག་ཞུ་འདོད་བྱུང་། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། དེ་རིང་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་གནང་མཁན་དང་གཙུག་ལག་སློབ་ཁང་གི་དགེ་ལས་སློབ་ཕྲུག དེ་བཞིན་དང་བླངས་ཞབས་ཞུ་བ་ཚོས་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།།