༢༠༡༥ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཉིན་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པར་བཅར་བའི་བཙུན་མ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་ཆོས་འབྲེལ་ཟབ་མོ་སྩལ་ཡོད། དེ་ཡང་བཞུགས་སྒར་དུ་བརྟེན་གཞི་བྱས་པའི་བཙུན་དགོན་དགའ་ལྡན་ཆོས་གླིང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པའི་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དུས་ཡུན་ཟླ་ངོ་གཅིག་ལྷག་ཙམ་རིང་རིགས་པའི་ལམ་ནས་རྟགས་གསལ་གཏོང་བར་བཅར་བའི་བཙུན་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོང་ཚེས་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཙུན་དགོན་ཁག་ ༧ ནས་བཙུན་མ་གྲངས་ ༣༥༠ བརྒལ་བ་བཅར་ཡོད་པ་རྣམས་ལ་ཐོག་མར་བཀའ་སློབ་སྩལ་དོན། དེ་རིང་འདིར་བཙུན་མའི་དགོན་པ་ཁག་གཅིག་འཛོམས་ཏེ་འཇང་དགུན་ཆོས་ཚོགས་པ་རེད། ཁ་སེང་ཁྱེད་རང་ཚོ་ཐོག་མར་རྣལ་འབྱོར་མའི་བྱིན་རླབས་བྱུང་ན་ཞེས་བརྗོད་བྱུང་། དེ་ཚོའི་གྲས་དུས་ཚོད་འདང་མ་འདང་ལྟ་བུ་རེད། སྔགས་ཀྱི་ཆོ་ག་དེ་ཚོའི་གྲས་དེ་སྒྲུབ་གཞག་བྱེད་དགོས་ཀྱི་ཡོད་སྟབས་ཕྲན་བུ་དུས་ཚོད་གཏོང་དགོས་ཀྱི་ཡོད། དེར་བརྟེན་དེ་མི་དགོས་པ་བྱས་ཏེ་དེ་རིང་ཁྱེད་རང་ཚོ་ཁྱུག་ཙམ་ཐུག་ནས་རྩོད་རྒྱུགས་དང་དེ་རྗེས་ཆོས་འབྲེལ་བྱེད་རྒྱུའི་རྩིས་བྱས་པ་རེད། མདོ་དོན་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། བཙུན་མའི་གཞུང་ཆེན་བལྟས་ནས་བཙུན་མས་དགེ་བཤེས་མ་འཇོག་རྒྱུ་བར་སྐབས་བོད་ལ་མེད། ང་ཚོ་རྒྱ་གར་ལ་བསླེབས་ནས་ཕལ་ཆེར་ཕྱི་ལོ་ ༡༩༦༠ ནང་ཡིན་པ་ཡོད།
དེ་སྔ་ང་རང་ཚོའི་བོད་ལ་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་བྱས་ནས་ཡོད་ཀྱང་། དེར་ཞིབ་ཚགས་པོ་བྱས་ནས་བལྟས་ན་འགྲེལ་བ་དོན་གསལ་ནང་གསུངས་པ་བཞིན་རེད། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་། ཞེས་ཡོད། ང་རང་ཚོའི་མང་ཚོགས་ནང་དང་། དེ་བཞིན་དགེ་འདུན་པས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས་བ་ཙམ་མ་གཏོགས། ཆོས་ཀྱི་རྣམ་གཞག་དེ་ཙམ་ཤེས་ཀྱི་མེད། དེ་ཁག་མེད། ཆོ་ག་བློ་འཛིན་བྱས་ནས་ཆོ་ག་ཕྱག་ལེན་འདྲ་བཏོན་རྒྱུ་མ་གཏོགས། གཞུང་གི་ཚིག་དེ་ཚོ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ནས་གོ་བ་ཆགས་རྒྱུ་མེད་པར་བརྟེན། མང་ཆེ་བ་དབང་རྟུལ་དད་པའི་རྗེས་འབྲང་ཆགས་ཡོད། སྐྱབས་སུ་མཆི་ཟེར་རྒྱུ་ལྟ་བུ་རེད། དབང་རྟུལ་དད་པའི་རྗེས་འབྲང་གི་ཐོག་ནས་འགྲོ་མཁན་གྱི་སངས་རྒྱས་པའི་ཆོས་པ་ཚོས་ཧ་ལམ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོས་རང་གི་དཀོན་མཆོག་ལ་དད་པ་བྱས་པ་བཞིན་ང་ཚོ་ཡང་དེ་འདྲ་ལྟ་བུ་ཆགས་གྲབས་བྱེད་ཀྱི་འདུག བླ་མ་མཁྱེན་དང་དཀོན་མཆོག་མཁྱེན་ཞེས་ཟེར་བ་ལྟ་བུ་སོ་སོའི་བདེ་སྡུག་ཚང་མ་དཀོན་མཆོག་གི་ཕྱག་ལ་ཡོད་བསམས་ན། དེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་དད་པ་བྱེད་སྟངས་དང་གཅིག་པ་ཆགས་ཡོད། རྩ་བའི་འཛམ་གླིང་འདིའི་སྒང་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེའི་བསླབ་བྱ་སྐྱོན་མཁན་ཤ་སྟག་རེད། བྱམས་བརྩེ་ཉམས་ལེན་ཡོང་བར་དེའི་འགལ་ཟླ་དེ་ཁོང་ཁྲོས་བྱེད་ཀྱི་ཡོད། དེ་བཞིན་ང་རྒྱལ་དང་ཕྲག་དོག་དེ་ཚོའི་གྲས་ཀྱིས་བྱམས་བརྩེར་འགལ་རྐྱེན་བཟོས་ཀྱི་ཡོད་པར་བརྟེན། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བཟོད་པ་དང་ཆོག་ཤེས་ཉམས་ལེན་བྱེད་རྒྱུ། དེ་བཞིན་རང་ལ་གཞན་ཞིག་གིས་གནོད་པ་བསྐྱལ་ན་ཨིན་སྐད་ forgiveness ཞེས་དག་གཙང་བྱས་པ་ལྟ་བུ་རེད། དེ་ལྟ་བུ་ཆོས་ལུགས་གཙོ་ཆེ་བ་ཚང་མས་གསུངས་ཀྱི་ཡོད། མིར་ཕན་གྱི་ཡོད། ཡེ་ཤུ་དང་། ཁ་ཆེ། ཧིན་དུ་སོགས་ཚང་མའི་ནང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་མང་པོ་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དད་པ་དང་གུས་པ་དབྱེ་བ་ཕྱེ་སྟེ་དད་པ་དེ་སོ་སོའི་ཆོས་དེར་དད་པ་བྱེད་རྒྱུ་དང་། གུས་པ་དེ་བྱམས་བརྩེ་འདོད་མཁན་གྱི་ཆོས་ལུགས་ཚང་མར་གུས་པ་བྱེད་དགོས། ངོས་ཀྱིས་འདི་ལྟར་བྱས་ནས་འགྲོ་གི་ཡོད།
ཆོས་ལུགས་ཚང་མར་ལྟ་གྲུབ་འདྲ་མིན་ཡོད་ཀྱང་བྱམས་བརྩེ་འདོད་མཁན་གཅིག་འགྱུར་ཆགས་ཡོད་སྟབས་བསམ་པ་རྣམ་དག་གི་ཐོག་ནས་གུས་བརྩི་བྱེད་དུས་ང་ཚོ་མཐུན་སྒྲིལ་ཡོང་གི་ཡོད། ཕན་ཚུན་ནང་ཚགས་ནས་ཕན་ཚུན་གཅིག་གིས་གཅིག་ལ་སློབ་སྦྱོང་བྱེད་རྒྱུ་དང་། ཆོས་ལུགས་ཕན་ཚུན་དབར་དམ་ཚིག་གཅིག་འགྱུར་གྱིས་སེམས་ཐག་ཉེ་པོ་ཆགས་ཐུབ་པ་ཞིག་ཡོང་གི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་མི་འདྲ་བ་རེད། མདོར་བསྡུས་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་ཀྱིས་ངའི་རྗེས་སུ་འབྲང་མཁན་ཚོས་བཅོམ་ལྡན་འདས་ཀྱི་ཆོས་ལ་དད་པ་དང་གུས་པ་བྱས་ནས་བཅོམ་ལྡན་འདས་ཀྱི་ཆོས་དེར་ཁས་བླངས་དགོས་མ་རེད། བཅོམ་ལྡན་འདས་ཀྱིས་བསྟན་པས་ཆོས་དེར་རྒྱུ་མཚན་གང་ཡོད་མེད་བརྟག་དཔྱད་བྱས་ནས། རྒྱུ་མཚན་ལྡན་པ་ཞིག་མཐོང་བ་ཙམ་མ་ཟད། རྒྱུ་མཚན་ལྡན་པའི་བསླབ་བྱ་གསུངས་པ་དེ་ལག་ལེན་སྐྱེལ་དུས་སེམས་ལ་འགྱུར་བ་གང་འདྲ་ཐེབས་ཀྱི་ཡོད་མེད་བརྟག་དཔྱད་བྱེད་དགོས། དེ་ལྟར་བྱས་ནས་རྒྱུ་མཚན་གྱི་ཐོག་ནས་བརྟག་དཔྱད་བྱས་ཏེ་ལག་ལེན་བསྐྱལ་ནས་ཉམས་མྱོང་གི་ཐོག་བརྟག་དཔྱད་བྱེད་དུས་ཕན་ཐོགས་ཡོད་པ་ཞིག་འདུག་ན་ཡིད་ཆེས་དང་ཁས་ལེན་བྱོས་ཤིག ཅེས་བཅོམ་ལྡན་འདས་ཀྱི་འདི་ལྟར་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་གྲུབ་རྗེས་བཙུན་མ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་རྣམ་པའི་རྟགས་གསལ་གཟིགས་འབུལ་རིམ་པས་ཞུས་པར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད། དེ་རྗེས་༸གོང་ས་མཆོག་གིས་བཙུན་མ་ཁོང་རྣམས་གཙོ་བོར་གྱུར་བའི་ཕྱི་ནང་གི་མི་མང་སྟོང་ཚོ་བརྒལ་བར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཆོས་འབྲེལ་དང་། དེ་བཞིན་བྱང་ཆུབ་སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་ཟབ་མོ་སྩལ་གྲུབ་བསྟུན་བཙུན་དགོན་རེ་རེ་བྱས་ཏེ་ལྷན་དུ་སྐུ་པར་བསྒྲོན་གྲུབ་རྗེས་ཕོ་བྲང་ལ་ཆིབས་ཞལ་བསྒྱུར་བ་བཅས།།