༢༠༡༥ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། ལྷག་པར་དུས་ཀྱི་དགོས་མཁོར་འཚམས་པའི་གཞུང་ཆེན་སོ་སོར་ཆེད་མཁས་མི་སྣ་ཐོན་ཐབས་ལ་དམིགས་ཏེ་འདི་ནས་ཕྱི་ལོ་ ༢༠༡༣ ལོར་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་གསར་གཏོད་ཐོག་སྒྲིག་གཞི་གཏན་འབེབས་བྱས་པ་གཞིར་བཟུང་། ལོ་ངོ་སོ་སོར་སློབ་གཉེར་བ་བཅུ་གཅིག་ལ་ཟླ་རེར་ཧིན་སྒོར་ ༢༥༠༠། ལོ་གཅིག་ལ་ཧིན་སྒོར་ ༣༠༠༠༠ ལོ་བཞིའི་རིང་དུ་འབུལ་བཞིན་པ་དང་། དེ་བཞིན་སློབ་གཉེར་བ་རྣམས་ལ་ཉམས་ཞིབ་རིག་པ་ལ་སོགས་པའི་ཟབ་སྦྱོང་ཡང་གོ་སྒྲིག་ཞུས་དང་ཞུ་མུས་ལགས་པ་ལྟར། ༢༠༡༦ སྐབས་གསུམ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་མཁན་འདེམས་སྒྲུག་གནང་གཏན་འཁེལ་བ་ན། ཆོས་སྡེ་སོ་སོའི་རྒྱུན་ལྡན་སློབ་གཉེར་རིམ་པ་རྣམས་ཐོན་པའི་དགེ་བཙུན་རྣམས་ཀྱིས་སོ་སོའི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མ་འགྲོ་བར་མུ་མཐུད་བསྟན་པའི་ཞབས་འདེགས་སུ་གཏོང་བའི་དགོངས་པ་ཆེ་བཞེས་ཀྱིས་ལས་རིམ་འདིར་མཉམ་ཞུགས་ཡོང་བའི་འབོད་བསྐུལ་དང་སྦྲགས། སྐབས་གསུམ་པའི་སློབ་བསྡུ་གསལ་བསྒྲགས་སྤེལ་བར་ཐུགས་སྣང་དགོས་རིགས་གཤམ་གསལ།
དོན་ཚན་དང་པོ། ས་མིག
ཁྱོན་ས་མིག་ ༡༥ ཡོད། དེར་སློབ་ཡོན་ཡོད་པ་ ༡༡ དང་། མེད་པ་ ༤ ཡིན།
ཀ༽ སློབ་ཡོན་ཡོད་པའི་ས་མིག་བཅུ་གཅིག
1. སྒྲིག་གཞིའི་དོན་ཚན་དགུ་པའི་ནང་གསེས་གཉིས་པའི་དགོངས་དོན་ཆོས་བརྒྱུད་སོ་སོའི་སློབ་ཡོན་ས་མིག་གཞུང་ཚན་རེས་མོས་ཀྱིས་གནང་གཏན་འཁེལ་བ་བཞིན། ལོ་འདིར་རྙིང་མ་བའི་ཆོས་སྡེ་ཁག་ནས་ཕར་ཕྱིན་གྱི་སློབ་གཉེར་བ་གཉིས་དང་། བཀའ་བརྒྱུད་པ་ནས་དབུ་མའི་སློབ་གཉེར་བ་གཉིས། ས་སྐྱ་པ་ནས་ཚད་མའི་སློབ་གཉེར་བ་གཉིས། དགེ་ལུགས་པ་ནས་མངོན་པའི་སློབ་གཉེར་བ་གཉིས། གཡུང་དྲུང་བོན་ནས་འདུལ་བའི་སློབ་གཉེར་བ་གཉིས། ཇོ་ནང་ནས་སྔགས་ཀྱི་སློབ་གཉེར་བ་གཅིག་བཅས་འདེམས་སྒྲུག་བྱ་རྒྱུ།
2. ཆོས་བརྒྱུད་སོ་སོར་གཞུང་ཚན་ཆ་བགོས་བྱས་པ་ལྟར་མ་ཡིན་པའི་འགེངས་ཤོག་བཀང་འབུལ་ཆོག་ཀྱང་ཐོག་མར་གོང་གསལ་གཏན་འབེབས་གཞིར་བཟུང་འདེམས་སྒྲུག་བྱ་རྒྱུ། དེ་རྗེས་གཞུང་ཚན་ས་མིག་ལྷག་འཕྲོས་འཚང་སྙན་འབུལ་མཁན་གཞན་ལ་སྤོ་ཤུགས་བྱ་རྒྱུ།
ཁ༽ སློབ་ཡོན་མེད་པའི་ས་མིག་བཞི།
1. འདི་རྣམས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཐེངས་དང་པོར་དགོངས་འཆར་དང་གྲོས་ཆོད་བྱུང་བ་ལྟར་ཆོས་སྡེ་སོ་སོའམ་རང་ཁུངས་ནས་སློབ་ཡོན་ཐབས་ཤེས་ཀྱིས་འཛུལ་ཞུགས་གནང་མཁན་ཆེད་དུ་ཡིན།
2. འདི་ཁོངས་འཚང་སྙན་འབུལ་མཁན་རྣམས་ལ་ཆོས་རིག་སློབ་ཡོན་མེད་པ་མ་གཏོགས་ཟབ་སྦྱོང་ལ་སོགས་པའི་ཆ་རྐྱེན་གཅིག་མཚུངས་ཡོད།
3. དེ་བཞིན་གཞུང་ཚན་སོ་སོའི་འདོད་མོས་ལྟར་འདེམས་ཆོག་ཀྱང་དགོས་ངེས་ཆ་རྐྱེན་དང་འདེམས་སྒྲུག་བྱེད་སྟངས་སོགས་གཅིག་མཚུངས་ཡིན།
དོན་ཚན་གཉིས་པ། དགོས་ངེས་ཆ་རྐྱེན།
སྒྲིག་གཞིའི་དོན་ཚན་བཅུ་པ་ནང་གསལ་ལྟར།
1. སོ་སོའི་ཆོས་སྡེ་སྒྲིག་འཛུགས་ཀྱི་ལམ་སྲོལ་ལྟར་བསླབ་པ་མཐར་སོན་ནས་མ་མཐར་སློབ་དཔོན་དང་། སློབ་དཔོན་མ། དགེ་བཤེས། དགེ་བཤེས་མ་ཞིག་ཡིན་པ། ཡང་ན་མཚན་གནས་དེ་དག་གི་སྒུག་ཐོར་ཡོད་པ་ཞིག་ཡིན་ཆོག
2. མཐའ་མའི་རྒྱུགས་སྤྲོད་ནང་ཉུང་མཐར་ཆ་སྙོམས་བརྒྱ་ཆ་ ༦༠ ལོན་པ།
3. སོ་སོའི་དགོན་པའི་རྒྱབ་གཉེར་ཡོད་པ།
4. རིགས་གཅིག་རྐང་འཛིན་བྱ་རྒྱུར་འདུན་པ་ཡོད་པ་ཞིག་ཡིན་པ་བཅས།
དོན་ཚན་གསུམ་པ། འགེངས་ཤོག་མཉམ་དུ་དགོས་ངེས་ཡིག་ཆ།
སྒྲིག་གཞིའི་དོན་ཚན་བཅུ་གཅིག་པ་ནང་གསལ་ལྟར།
1. དགོན་པའི་མཁན་པོ་དང་། དབུ་འཛིན། སློབ་སྤྱི། ཤེས་ཡོན་འགན་འཛིན་གང་རུང་ཞིག་གི་དག་མཆན་འཁོད་པའི་བསླབ་པ་མཐར་སོན་ལག་ཁྱེར་གྱི་ངོ་བཤུས་དང་། སློབ་དཔོན་དང་དགེ་བཤེས་ཀྱི་མཚན་གནས་སྒུག་ཐོར་ཡོད་པ་རྣམས་ནས་འཕྲལ་སེལ་ལག་ཁྱེར་རམ་དགོན་པའི་རྒྱབ་གཉེར།
2. དག་མཆན་འཁོད་པའི་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས། གྲུབ་འབྲས་ཨང་ཤོག་དེ་བཞིན་བསླབ་པ་མཐར་སོན་ལག་ཁྱེར་དང་མཐུན་པ་ཞིག་དགོས།
3. དྭང་བླངས་དཔྱ་དེབ་ཡོད་ཚེ་དཔྱ་དངུལ་འབུལ་འབབ་གཙང་ཞིང་དག་མཆན་འཁོད་པའི་སོ་སོའི་དཔྱ་དེབ་ཀྱི་ངོ་བཤུས། དེ་མིན་རྣམས་ལ་དགོན་པའི་རྒྱབ་གཉེར་ནང་ཡུལ་ལུང་གང་ཡིན་ཁ་གསལ་ཡོད་ན་འཐུས་རྒྱུ།
4. འབྲེལ་ཡོད་ཆོས་སྡེའི་རྒྱབ་གཉེར་ངོས་སྦྱོར་དང་།
5. ལས་རིམ་འདིའི་ཁོངས་སུ་ཞུགས་རྒྱུའི་འདུན་པ་ཇི་ལྟར་བྱུང་ཚུལ་དང་། དམིགས་ཡུལ། ཐབས་ལམ་བཅས་ཀྱི་སྐོར་ཡིག་འབྲུ་ ༡༥༠༠ ལས་མ་མང་བའི་ཆེད་རྩོམ་བཅས།
དོན་ཚན་བཞི་པ། འདེམས་སྒྲུག་བྱེད་སྟངས།
སྒྲིག་གཞིའི་དོན་ཚན་བཅུ་གཉིས་པ་ནང་གསལ་ལྟར།
1. རིགས་གཅིག་རྐང་འཛིན་བྱེད་མཁན་རྣམས་ཆེད་འཛུགས་མཁས་པའི་ཚོགས་ཆུང་ནས་འདེམས་སྒྲུག་བྱ་རྒྱུ།
2. དེ་རྣམས་སོ་སོའི་དགོས་ངེས་ཡིག་ཆ་ཁག་ལ་ཞིབ་འཇུག་དང་ངག་རྒྱུགས་བཅས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ།
3. བསླབ་པ་མཐར་སོན་གྱི་ཨང་ཐོབ་ལ་བརྒྱ་ཆ་ ༦༠ དང་། ཆེད་རྩོམ་ལ་ ༡༠། ངག་རྒྱུགས་ལ་ ༣༠ བཅས་ཀྱི་ཐོག་ནས་འདེམས་སྒྲུག་བྱ་རྒྱུ།
4. བསླབ་པ་མཐར་སོན་གྱི་ཨང་ཐོབ་བརྒྱ་ཆ་ ༦༠ དེ་ཉིད། རྒྱུགས་སྤྲོད་མཐའ་མའི་ཆ་སྙོམས་བརྒྱ་ཆ་ ༦༠ ལོན་པ་ལ་བརྒྱ་ཆ་ ༢༠ གཞི་རྩར་བཞག་སྟེ་རིམ་བཞིན་ ༦༠ བར་བརྩི་རྒྱུ་བཅས།
དོན་ཚན་ལྔ་པ། འགེངས་ཤོག་འབུལ་ཚེས།
1. འགེངས་ཤོག་འདི་ག་ཆོས་རིག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༥ འགྱངས་མེད་གནང་འབྱོར་དགོས་པ་ཡིན།
2. འགེངས་ཤོག་ཆོས་རིག་དྲ་རྒྱ་ (www.chorig.org) ནས་ཕབ་ལེན་ནམ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་བཞེས་ཆོག་པ་ཡིན།
3. འགེངས་ཤོག་འཐུས་གཙང་བཀང་མེད་པ་དང་། དགོས་ངེས་ཡིག་ཆ་མ་ཚང་བ། དུས་བཀག་རྗེས་སུ་གནང་བ་རྣམས་རང་བཞིན་རྩིས་མེད་འགྱུར་རྒྱུ།
4. དགོས་ངེས་ཡིག་ཆ་དང་མཉམ་དུ་འགེངས་ཤོག་གློག་འཕྲིན་བརྒྱུད་འབུལ་འཐུས་ཀྱང་ཡིག་ཆ་ངོ་མ་སྦྲག་ཐོག་ངེས་པར་འབུལ་དགོས་པ་བཅས།
ཆོས་རིག་ལས་ཁུངས་ནས་བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༢ ལ།། །།
འགེངས་ཤོག་ཕབ་ལེན་ཆེད་འདིར་གནོན།