༢༠༡༥ ཟླ་ ༡༡ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གོ་ཧ་ཊིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་སླ་བ་དེ་སྲུང་སྐྱོབ་དགོས་པ་དང་། རྒྱ་ནག་གིས་བོད་ཀྱི་རྒྱུག་ཆུར་ཆུ་རགས་བརྒྱབ་དང་རྒྱག་བཞིན་པ་དེས་རྒྱུག་ཆུ་དེར་རྟེན་ནས་འཚོ་བཞིན་པའི་མི་འབོར་དུང་ཕྱུར་མང་པོའི་འཚོ་བར་གནོད་སྐྱོན་ཤུགས་ཆེ་ཐེབས་ཀྱི་ཡོད་པའི་སྐོར་ནན་བརྗོད་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། ཡར་ཀླུངས་གཙང་པོ་ནི་རྒྱ་གར་བྱང་ཤར་དང་ཨ་སམ་ཁུལ་གྱི་མི་མང་རྣམས་ཀྱི་འཚོ་རྟེན་གཙོ་བོ་དེ་ཆགས་ཡོད། མཁས་དབང་ཁག་གིས་གསུང་དོན་ལྟར་ན། ཡར་ཀླུངས་གཙང་པོའི་ཆུ་ཚད་ནི་འདས་ལོའི་ནང་ཧ་ཅང་དམའ་རུ་ཕྱིན་ཡོད། དེས་རྐྱེན་པས་ས་ཁུལ་དེ་དག་གི་སྣོད་བཅུད་ཀྱི་གནས་སྟངས་ལ་ཉེན་ཚབས་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། ཞིང་པ་དང་ཉ་པ་སོགས་གཙང་པོ་དེར་འཚོ་རྟེན་བྱེད་བཞིན་པའི་མི་མང་ཧ་ཅང་མང་པོའི་འཚོ་བར་དོ་ཕོག་འགྲོ་ངེས་པ་རེད། མཐོ་སྒང་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ་དེས་ཤུགས་རྐྱེན་ཐོག་མ་ནི་བོད་ཀྱི་རྒྱུག་ཆུར་འཚོ་རྟེན་བྱེད་བཞིན་པའི་རྒྱལ་ཁབ་རྣམས་ལ་ཐེབས་རྒྱུ་རེད།
བོད་ཀྱི་རྒྱུག་ཆུ་དག་ལ་རྒྱ་ནག་གིས་ཆུ་རགས་བརྒྱབ་པར་བརྟེན་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བཟོ་བཞིན་པའི་གནད་དོན་ཐོག་བོད་མི་རྣམས་ཀྱིས་ཡུན་རིང་ནས་འབོད་སྐུལ་ཞུས་དང་ཞུ་མུས་ཡིན། འོན་ཀྱང་བོད་མི་རྣམས་ཀྱི་ཞུ་འབོད་ལ་རྒྱ་ནག་གི་ཡ་ལན་རྩ་བ་ནས་མ་བྱས་པའི་ཁར་བོད་མི་རྣམས་ལ་ས་གནས་ལས་བྱེད་པས་འཛིན་བཟུང་བཀག་སྐྱིལ་གྱིས་མཚོན་སུན་གཙེར་བཟོས་ཡོད་པ་མ་ཟད། ད་ཆ་ཆུ་རགས་དེ་དག་གིས་རྐྱེན་པས་འཛམ་གླིང་སྤྱིའི་ཁོར་ཡུག་དང་ལྷག་པར་རྒྱུག་ཆུ་དེ་དག་ལ་འཚོ་བཞིན་པའི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱུང་ཡོད།
བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་ནག་གིས་ཡར་ཀླུངས་གཙང་པོའི་ཐོག་ཆུ་རགས་རྒྱག་བཞིན་ཡོད་པའི་བདེན་པ་དག་སྐྱེལ་བྱས་པ་བརྒྱུད་འཐབ་རྩོད་བྱས་པ་དེར། ཉེ་ཆར་རྒྱ་ནག་གཞུང་གིས་ཡར་ཀླུངས་གཙང་པོའི་ཐོག་ཆུ་རགས་རྒྱག་བཞིན་ཡོད་པ་དེར་ངོས་ལན་བྱས་ཡོད། རྒྱ་གར་གྱི་ཁོར་ཡུག་ཐོག་མཁས་པ་ཚོས་རྒྱ་ནག་གིས་ཡར་ཀླུངས་གཙང་པོའི་ཁ་ཕྱོགས་དེ་རྒྱ་ནག་ཕྱོགས་སུ་ཁ་ལོ་བསྒྱུར་རྒྱུའི་ཉེན་ཁ་མཐོང་བཞིན་ཡོད། གང་ཡིན་བརྗོད་ན། རྒྱ་ནག་གི་ས་ཆ་གནད་འགག་ཆེ་བ་ཁག་གི་ནང་དེང་སྐབས་འཐུང་ཆུའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད། དེ་དངོས་འབྲེལ་རེད།
མཐོ་སྒང་བོད་ཀྱི་ཁོར་ཡུག་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཁོར་ཡུག་སྤྱི་དང་ལྷག་པར་རྒྱལ་ཁབ་དེ་དག་གི་མི་མང་གི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད། དེར་བརྟེན་ངས་འཛམ་གླིང་མི་མང་ཚོར་མཐོ་སྒང་བོད་ཀྱི་འཁྱགས་རོམ་ཞུར་ཚད་ཆེ་རུ་ཕྱིན་ནས་མ་འོངས་པར་འཐུང་ཆུའི་མ་འདང་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པས་འཇིག་སླ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམས་ལ་བོད་དོན་ཐོག་རྒྱབ་སྐོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་༸གོང་ས་མཆོག་དང་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། དེ་སྔ་༸གོང་ས་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བྱང་ཤར་གྱི་ས་ཁུལ་བརྒྱུད་ནས་བྲོས་བྱོལ་དུ་༸ཞབས་སོར་འཁོད་སྐབས་ས་གནས་མང་ཚོགས་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་ཞུས་པར་བསྔགས་བརྗོད་དང་ལྷན་ཐུགས་རྗེ་ཆེ་ཞུས་འདུག