༢༠༡༥ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༤ ཉིན་འབྲས་ལྗོངས་ཀྱི་གསར་ཤོག་ Sikkim Express ཞེས་པའི་ནང་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་དང་ཁུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པ་ཝན་ཀུ་མཱར་ཅམ་ལིང་ (Shri Pawan kumar Chamling) མཆོག་དང་འབྲས་ལྗོངས་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲང་པ་སྤྱི་དང་། ལྷག་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྤྱི་ཁྱབ་བློན་ཆེན་མཆོག་གིས་ཐེངས་འདིར་ང་ཚོས་རེ་འདུན་བཞིན། ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སླད་འབྲས་ལྗོངས་མངའ་སྡེའི་གཞུང་གི་ལས་ཁུངས་ཁག་གཙོ་བོར་གྱུར་བའི་གཞུང་གི་སྒྲིག་འཛུགས་ཆེ་ཕྲ་ཚང་མའི་ནང་དང་། ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ལས་བྱེད་རྣམས་ནས་ཉིན་དེར་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུར་དམིགས་ནས་སྒེར་གྱི་གུང་གསེང་ཞུ་སྐབས། གཞུང་འབྲེལ་གུང་གསེང་གི་ངོ་བོར་ (Restricted Holiday) བརྩི་་རྒྱུའི་ཁྲིམས་ལུགས་གཏན་འབེབས་གནང་བ་དེར། སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཞུས་དང་ཞུ་མུས་ཐོག སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་སླད་རིང་མིན་མངའ་སྡེའི་ནང་དུ་ནང་ཆོས་སློབ་གཉེར་ཁང་གསར་འཛུགས་ཀྱི་དགོངས་བཞེས་གནང་བ་དེས་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་གཞི་རྩར་གྱུར་ངེས་སྟབས། ང་ཚོས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
དེ་ཡང་འདི་གའི་གསར་འགོད་པས་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་བདུད་འདུལ་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་འབྲེལ་ཡོད་གནས་ཚུལ་སྐོར་འདྲི་སྐབས། ཁོང་གིས་སྤྱིར་འབྲས་ལྗོངས་མངའ་སྡེ་གཞུང་གི་ལོ་ཐོའི་ནང་ལས་བྱེད་རྣམས་ལ་གཞུང་འབྲེལ་ངོ་བོའི་ཐོག་ནས་སྒེར་གྱི་གུང་གསེང་ཉིན་གསུམ་ཞུ་ཆོག་པ་དང་། ཐེངས་འདིར་འབྲས་ལྗོངས་མངའ་སྡེའི་གཞུང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན་གཞུང་འབྲེལ་གསལ་བསྒྲགས་ཨང་ ༥༧ སྤེལ་བའི་ནང་། ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སླད་དེ་ཉིན་ལས་བྱེད་སུ་རུང་གིས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་དམིགས་ནས་སྒེར་གྱི་གུང་གསེང་ཞུས་ཚེ་གཞུང་འབྲེལ་ངོ་བོར་བརྩི་རྒྱུའི་ཁྲིམས་ལུགས་གཏན་འབེབས་གནང་བར་བརྟེན། ད་ཆ་མངའ་སྡེའི་གཞུང་གི་ལོ་ཐོའི་ནང་གཞུང་འབྲེལ་ངོ་བོར་བརྩི་རྒྱུའི་སྒེར་གྱི་གུང་གསེང་ (Restricted Holiday) ཞུ་ཆོག་པ་ཉིན་བཞི་ཡོད། ཅེས་གསུངས་བྱུང་།།