༢༠༡༥ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ཉིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡའི་ཡུལ་གྲུ་ཁག་དང་་ཨོ་སི་ཊོ་ལི་ཡ་AUSTRALIA ནས་སྐབས་ ༡༦ པའི་བོད་མི་མང་གི་སྤྱི་འཐུས་འོས་མིར་བཞེང་མཁན་མི་བཅུ་ཡོད་ཁོངས་ནས་བརྒྱད་ཀྱིས་ཨོ་སི་ཊོ་ལི་ཡེའི་གྲོང་ཁྱེར་ཀེན་བྷེ་ར་ Canberra ནང་འོས་བསྡུའི་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ནང་མཉམ་བཞུགས་གནང་འདུག
དེ་ཡང་གོང་སྨོས་ས་ཁུལ་ཁག་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་བཞེང་མཁན། འཇིག་མེད་རྡོ་རྗེ་ལགས་དང་ཕུར་བུ་བཀྲ་ཤིས་ལགས། སྐྱིད་འཛོམས་གྲོང་བསྡུ་ལགས། དངོས་གྲུབ་རྒྱལ་མཚན་ལགས། བསམ་གྲུབ་ཚེ་རིང་ལགས། ཐུབ་བསྟན་དོན་གྲུབ་ལགས། བརྩོན་འགྲུས་འོད་ཟེར་ལགས་སོགས་ལྷན་འཛོམས་ཀྱིས། བགྲོ་གླེང་སྐབས་རང་ཉིད་སྤྱི་འཐུས་འོས་མིར་བཞེང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ཙམ་མ་ཟད། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་གནས་སྟངས་འཕོ་འགྱུར་འགྲོ་བཞིན་པའི་གནད་དོན་དཔེར་ན།
རང་བཙན་དང་དབུ་མའི་ལམ་ཀྱི་སྲིད་བྱུས། ཉེ་ལམ་ཇོ་ནང་རྗེས་འབྲང་པས་གྲོས་ཚོགས་ཀྱི་ཕྱི་རོལ་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། དོལ་ཚོགས་ཀྱིས་༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་ཀྱི་ངོ་རྒོལ་བྱེད་བཞིན་པའི་སྐོར། གཞན་ཡང་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ལ་སོ་སོའི་བསམ་འཆར་ལྷུག་པོ་འདོན་རྒྱུའི་གོ་སྐབས་བྱུང་འདུག
ཐེངས་འདིའི་བགྲོ་གླེང་སྐབས་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌི། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་བཅས་ལྷན་བཞུགས་ཐོག་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག
བསྟན་འཛིན་སྒྲོལ་མ་དྭགས་པོ་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་། དེ་ཡང་བགྲོ་གླེང་སྐོར་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་གསུང་དོན། ཐེངས་འདིར་བགྲོ་གླེང་འདི་ལྟ་བུ་གོ་སྒྲིག་གནང་ཐུབ་པ་དེས་ས་གནས་བོད་མི་མང་ཚོགས་རྣམས་ལ་རང་གི་བསམ་ཚུལ་རྣམས་དམ་བསྒྲགས་བཀག་སྡོམ་དང་འཇིག་སྣང་སོགས་རྩ་བ་ནས་མེད་པར་མང་གཙོའི་ཁེ་དབང་ཐོག་ནས་གསུང་ཐུབ་པའི་སྡིངས་ཆ་ཞིག་སྐྲུན་ཐུབ་པ་བྱུང་ཡོད། ཅེས་གསུངས།
བགྲོ་གླེང་གོ་སྒྲིག་གནང་མཁན་ཨོ་སི་ཊོ་ལི་ཡའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ (Australian Capital Territory) ཞེས་པ་འདི་ཡིན་འདུག་པ་དང་། མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་གསུང་དོན། བགྲོ་གླེང་སྐབས་མང་ཚོགས་ཚང་མས་དོ་སྣང་ཆེན་པོས་ཆ་ཤས་བླངས་པར་བརྟེན་ལམ་ལྷོང་ལྡན་པ་ཞིག་བྱུང་།
འབྱུང་འགྱུར་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་འཕང་རྒྱུའི་དུས་ཚོད་འཁེལ་བཞིན་ཡོད་སྟབས། མང་ཚོགས་རྣམས་ཀྱིས་འོས་མི་སུ་འདེམས་སྒྲུག་བྱེད་དགོས་མིན་ཐད་གྲ་སྒྲིག་གནང་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད་བསམས་པ་དྲན་གྱི་འདུག ཅེས་གསུངས། སྤྱིར་བགྲོ་གླེང་འདི་ལྟ་བུ་ཐོག་མར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ Sydney ནང་གནང་རྗེས་རིམ་བཞིན་གྲོང་ཁྱེར་མེལ་བྷོན་Melbourne དང་ཀེན་བྷེ་རར་Canberra གནང་བ་ཞིག་ཡིན་འདུག