༢༠༡༥ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༩ ཉིན་རུ་སོག་སྐུ་ཚབ་དོན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་དེའི་གྲོང་ཁྱེར་ཆེ་ཤོས་གཉིས་པར་གྲགས་པ་སན་པི་ཊར་སི་བྷག་ Saint-Petersburg ཏུ་ནང་པའི་དགོན་པ་ཐོག་མ་བཞེངས་ནས་ད་བར་མི་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག སྤྱིར་ “Datsan Kunzechoinei”ཞེས་པའི་དགོན་པ་དེ་ནི་༸གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གི་མཚན་ཞབས་སོག་པོའི་མི་རིགས་ཡིན་པ་མཚན་ལ་བློ་བཟང་ངག་དབང་འམ་རྡོ་རྗེ་ཡིབ་ Agwan Dorjiev མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་པ་དང་། ཁོང་གིས་བོད་དང་ཨུ་རུ་སུའི་ཡུལ་གཉིས་ཀྱི་དབར་འབྲེལ་ལམ་འཛུགས་རྒྱུར་ཕན་རླབས་རྒྱ་ཆེ་བསྒྲུབས་ཡོད། དེ་ཡང་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་དང་ཁལ་མུཀ་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་དང་། བྷུ་རི་ཡ་ཏི་ནང་པའི་གཙོ་འཛིན་སྡམ་པ་ཨ་ཡུ་ཤེབ་ Damba Ayusheev ལགས་དེ་བཞིན་ཐུ་ཝ་ནང་པའི་གཙོ་འཛིན་བློ་བཟང་བྱམས་བརྩེ་ལགས་སོགས་ཕེབས་འདུག གཞན་ཡང་དུས་དྲན་སྲུང་བརྩི་ཞུ་ཆེད་གྲོང་ཁྱེར་དེའི་ནང་དུ་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་བ་མ་ཟད། སྤྱན་རས་གཟིགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་ཞིག་ཀྱང་བཞེངས་འདུག
ཕྱོགས་མཚུངས་དགོན་པའི་ནང་དུས་འཁོར་དང་རྒྱལ་ཆེན་རིགས་བཞིའི་སྐུ་འདྲ་གསར་བཟོ་བྱུང་བར་རབ་གནས་ཡང་གནང་འདུག དེ་ཡང་ཨུ་རུ་སུའི་ཤེས་ལྡན་མི་སྣ་སྐུ་ཞབས་ཨེ་ཨེན་དེ་རེབ་ A. Andreev ལགས་ཀྱིས་བྲིས་པའི་ཕྱག་དེབ་ནང་གསལ་ལྟར་ན། ༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོའི་མཚན་ཞབས་བློ་བཟང་ངག་དབང་འམ་རྡོ་རྗེ་ཡིབ་མཆོག་གིས་ཕྱི་ལོ་ ༡༩༠༨ ལོར་བོད་ནས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་སྩལ་བའི་ཕྱག་བྲིས་ཤིག་མནམས་ནས་ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་སུ་ཕུལ་བ་དང་སྦྲགས། ༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་པི་ཊར་སི་བྷག་གྲོང་ཁྱེར་གྱི་ནང་པ་ཚོར་མཆོད་འབུལ་བྱེད་སའི་རྟེན་གཞིའི་ཆེད་ནང་པའི་དགོན་པ་ཞིག་རྒྱག་ཆོག་པའི་ཐུགས་རེ་མཛད་སྐོར་དང་། སྤྱིར་༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གྲོང་ཁྱེར་པི་ཊར་སི་བྷག་ཏུ་ཆིབས་སྒྱུར་བསྐྱངས་མེད་ཀྱང་།
ཕྱི་ལོ་ ༡༩༠༦ ལོར་མགོན་པོ་གང་ཉིད་མཆོག་གིས་མཚན་ཞབས་བློ་བཟང་ངག་དབང་འམ་རྡོ་རྗེ་ཡིབ་མཆོག་ལ་གྲོང་ཁྱེར་པི་ཊར་སི་བྷག་གི་བྱང་ཕྱོགས་སུ་དགོན་པ་ཞིག་གསར་བཞེངས་གནང་དགོས་གལ་བཀའ་སྩལ་ཡོད་པ་དང་། ཕྱི་ལོ་ ༡༩༠༩ ལོར་མཚན་ཞབས་རྡོ་རྗེ་ཡིབ་མཆོག་གིས་སན་པི་ཊར་སི་བྷག་ཏུ་ནང་པའི་དགེ་འདུན་རྣམས་མཆོད་འབུལ་སྨོན་ལམ་སོགས་གནང་ཐུབ་པའི་འདུ་ཁང་ཞིག་རྒྱག་ཆོག་པའི་ཆོག་མཆན་ཞུ་སྐབས་མཚན་ཞབས་མཆོག་གིས་འབོད་སྐུལ་དང་སྦྲགས་ཁོང་ལ་འདུ་ཁང་གསར་བཞེངས་ཆེད་འགྲོ་གྲོན་རུ་སུའི་སྒོར་མོ་ཁྲི་ ༨ ཡོད་ཁོངས་ནས་ཁྲི་ ༥ མཚན་ཞབས་སྒེར་གྱི་དངུལ་ཡིན་པའི་ཡིག་ཆའང་ལྷན་དུ་ཨུ་རུ་སུའི་གཞུང་ལ་ཕུལ་སྐོར་ཕྱག་དེབ་དེར་གསལ་ཡོད་འདུག
ཕྱི་ལོ་ ༡༩༡༥ ལོར་དགོན་པ་དེ་གསར་བཞེངས་ལེགས་པར་གྲུབ་ཡོད་པ་དང་། དགོན་པ་དེ་གསར་བཞེངས་ཐུབ་པར་བརྟེན་ལོ་རྒྱུས་ཁྲོད་བོད་བརྒྱུད་ནང་བསྟན་ཨུ་རུ་སུའི་མངའ་ཁོངས་ཀྱི་ཡུལ་གྲུའི་ནང་དར་སྤེལ་ཡོང་རྒྱུར་རླབས་ཆེན་གྱི་ཕན་ཐོགས་བྱུང་བ་མ་ཟད། ལྷག་པར་བྷུར་ཡ་ཏི་དང་ཁལ་མུཀ་གྲྭ་རྒྱུན་བོད་དུ་ཕེབས་ནས་བོད་པའི་བླ་སྤྲུལ་དགེ་བཤེས་སོགས་ནས་ནང་པའི་གཞུང་ལ་སློབ་གཉེར་མཐིལ་ཕྱིན་པ་གནང་རྗེས་སླར་རང་ཡུལ་དུ་ཕྱིར་ཕེབས་ནས་ཨུ་རུ་སུ་དམར་ཤོག་འོག་དཀའ་ངལ་ཧ་ཅང་ཡོད་སྐབས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པར་བརྟེན་དུས་ད་ལྟའང་ཡུལ་གྲུ་དེ་དག་ནང་བོད་བརྒྱུད་ནང་བསྟན་ཁྲ་ཚུགས་ཐུབ་པ་བྱུང་ཡོད། སྤྱིར་ལོ་རྒྱུས་ཐོག་ནས་དགོན་པ་དེར་ཕྱིར་བལྟས་ཤིག་གནང་བ་ཡིན་ན། ཕྱི་ལོ་ ༡༩༡༩ ལོར་ཨུ་རུ་སུར་དམར་པོའི་གསར་བརྗེ་བྷོལ་ཤེ་ཝིག་རི་ཝོ་ལུ་ཤེན་ Bolshevik Revolution ཟེར་བ་དེ་བྱུང་སྐབས་དགོན་པ་དེར་གཏོར་བཤིག་ཚབས་ཆེ་བྱུང་བར་བརྟེན་དགོན་པའི་མཆོད་པའི་ཡོ་ཆས་དང་རིང་བསྲེལ་རྩ་ཆེ་མང་པོ་ཤུལ་མེད་དུ་བཏང་འདུག