༢༠༡༥ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐུ་ཞབས་ཇ་སི་ཊིན་ཏུ་རུ་དོ་ Justin Trudeau མཆོག་ཉེ་ལམ་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་གསར་པར་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པའི་ནང་འཁོད་དོན། བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ངོས་ཀྱིས་སྐུ་ཉིད་མཆོག་དང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་ཐེངས་འདིར་རྒྱལ་ཡོངས་སྲིད་བློན་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་གི་ལས་དོན་ཞུ་སྒོ་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལྷག་པར་དུ་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པས་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་ཐོག་ལས་འགུལ་སྤེལ་སྐབས་བོད་དོན་རྒྱབ་སྐྱོར་གནང་བ་མ་ཟད། རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་བོད་མིའི་ཆབ་སྲིད་དབུ་ཁྲིད་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་བཏོན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཕྱོགས་གཉིས་ཕན་ཚུན་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་གདོང་ཐུག་བརྒྱབ་ནས་སེལ་མི་ཐུབ་པར་གསུངས་པ་དེ་དངོས་གནས་ཡིན། ལར་ནས་ཁེ་ན་ཌའི་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་མཐུན་འགྱུར་རོགས་རམ་གནང་བ་དེར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། འབྱུང་འགྱུར་ཡང་སྐུ་ཉིད་མཆོག་གིས་བོད་དོན་སྤྱི་དང་ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་འདུག
ཁེ་ན་ཌའི་གུ་ཡངས་ཚོགས་པའི་ Liberal Party དབུ་ཁྲིད་སྐུ་ཞབས་ཇ་སི་ཊིན་ཏེ་རེ་དོ་མཆོག་ནི་དེ་སྔའི་ཡུལ་དེའི་སྲིད་བློན་ཟུར་པ་སྐུ་གཤེགས་པེ་རི་ཏེ་རེ་དོ་ Pierre Trudeau མཆོག་གི་སྲས་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༠༤ ལོར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་མང་ཚོགས་ཀྱི་གཏམ་བཤད་སྐབས་ཤིག་ལ་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། སྐབས་དེར་ཁོང་གིས་མང་ཚོགས་ལ་གཏམ་བཤད་དབུ་འཛུགས་མ་གནང་གོང་༸གོང་ས་མཆོག་མང་ཚོགས་ལ་ངོ་སྤྲོད་གནང་ཡོད་པ་སོགས་བོད་དོན་ལ་དེ་སྔ་ནས་རྒྱབ་སྐྱོར་དང་ཐུགས་སྣང་གནང་མཁན་ཞིག་ཡིན་འདུག།།