༢༠༡༥ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་དང་། དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས། ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་དུ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ནས་འགོ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་ ༢༡ སོང་མཚམས་ཏེ་ཕྱི་ཟླ་ ༩ ཚེས་ ༣༠ དགོང་མོ་ཚེ་དབང་སྒྲོལ་མ་ལགས་རྒྱ་གར་ཉེན་རྟོག་པས་སྨན་ཁང་དུ་ཁྱེར་ནའང་སྐབས་དེར་སྨན་ཁང་དུ་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བ་དང་ད་ལྟ་གཟུགས་པོ་གསོ་བཞིན་ཡོད་ཅིང་། གཞན་གཉིས་པོས་མུ་མཐུད་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་ ༣༠ ཕྱིན་པའི་ཉིན་མོ་སྟེ་ ༢༠༡༥ ཟླ་ ༡༠ ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུན་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་རྣམ་གཉིས་ལྡི་ལིར་ཆེད་ཕེབས་ཀྱིས་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ལ་ཐུག་འཕྲད་ཀྱིས་ཚོགས་གཞོན་མཆོག་གིས་ཁོང་རྣམ་པས་བཏོན་པའི་དགོས་འདུན་དོན་ཚན་ལྔ་པོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་ཡོད་པ་དང་། ཟས་བཅད་ངོ་རྒོལ་མཚམས་འཇོག་གྱིས་ཞེས་ཞུ་ཐབས་མེད་ནའང་ཁོང་རྣམ་པའི་སྐུ་གཟུགས་ཀྱི་གནས་སྟངས་ལ་ཐུགས་འཚབ་ཡོད་སྐོར། རྒྱལ་ཚོགས་ནས་ཡ་ལན་ཞིག་གནང་སྟེ་ལས་འགུལ་དེ་རྒྱལ་ཁའི་ངང་མཚམས་འཇོག་ཐུབ་རེ་ཡོད་གནས་སོགས་དང་།
ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Mr. Ban Ki-Moon མཆོག་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ Zeid Ra’ad AI Hussein མཆོག ལྡི་ལི་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ Mr. Rajiv Chandran མཆོག་བཅས་སུ་ད་ལན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་སྐོར་དགོས་འདུན་དོན་ཚན་ལྔ་བཏོན་གནང་བ་དེ་རྣམས་ནི་རྒྱལ་ཚོགས་ནས་བསྒྲུབ་འོས་པ་དང་། བསྒྲུབ་ཐུབ་པ་ཞིག་ཡིན་པས་དེ་ལུགས་དགོངས་བཞེས་དགོས་སྐོར་སོགས་འཁོད་པའི་སྙན་ཞུ་འབུལ་གཏོང་གནང་བའི་ངོ་བཤུས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབུལ་ལམ་གནང་ཡོད་པ་རེད།