༢༠༡༥ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ ཉིན་དེ་སྔ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་ལགས་སམ་སྙུག་མིང་ལ་གངས་དཔལ་ལགས་གློད་བཀྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཁོང་ནི་ཉེ་ལམ་གློད་བཀྲོལ་བཏང་བའི་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བྲིས་པའི་ཡི་གེ་ཕྱི་རུ་གཏོང་མཁན་ཡིན་སྟབས། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
ཕྱི་ཚེས་ ༢༧ ཉིན་གློད་བཀྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར། ཁོང་ཁ་སང་ཟི་ལིང་ནས་ཀློད་གྲོལ་བཏང་རྗེས་ཨ་རིག་ཡུལ་ཚོའི་ཁྲིམས་འཛིན་ལས་ཁུངས་ཀྱི་མི་གཉིས་ལེན་དུ་ཕྱིན་ཏེ། སྔ་དྲོ་ཆུ་ཚོད་ ༩ སྟེང་ཟི་ལིང་ནས་ལམ་ལ་ཆས་ཏེ་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དུ་མདོ་ལ་རྫོང་དུ་འབྱོར་ཡོད་པ་དང་། དེ་ནས་ཉེན་རྟོག་མི་སྣས་གསང་སྟབས་ཀྱིས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག
སྐབས་དེར་ཕ་མ་གཉེན་ཉེས་གཙོས་ཡུལ་མི་རྣམས་ཀྱིས་ལམ་བར་དུ་ཁོང་ལ་ཕེབས་སྒུག་བྱས་ཡོད་ཀྱང་། འབྲེལ་ཡོད་མི་སྣས་ཐག་རིང་ནས་ཡོང་གི་ཡོད་སྟབས་ལམ་སེང་ནང་དུ་འབྱོར་ཐུབ་ཀྱི་མེད་སྐོར་བརྗོད་དེ། ཚང་མར་མགོ་སྐོར་བཏང་ནས་ནང་དུ་མ་འབྱོར་བར་དུས་ཚོད་ཏག་ཏག་བཤད་མེད། དེར་བརྟེན་མང་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་བྱེད་ཐུབ་མེད་ཀྱང་། ཁོང་རང་ཁྱིམ་དུ་འབྱོར་རྗེས་ས་གནས་ཀྱི་བོད་མི་རྣམས་ཀྱིས་ཁོང་ལ་ལྟ་བར་བསྐྱོད་དང་སྐྱོད་བཞིན་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱང་ཁོང་ལ་ལྟ་བར་ཕེབས་ཡོད་འདུག སྤྱིར་ཁོང་ལ་ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ལོ་གཅིག་ཙམ་སྔ་བསྣུར་གྱིས་བཙོན་གྲོལ་ཐོབ་འདུག
སྐལ་བཟང་བསོད་ནམས་ལགས་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་། ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པའི་མི་ཡིན་ཞིང་བུ་སྤུན་བཞི་ཡོད་པས་ཆེ་བ་ཡིན་འདུག ཁོང་ཆུང་དུས་ནས་བཟུང་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་ལ་ཆོས་ཞུགས་གནང་སྟེ་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱང་པ་གནང་ཡོད། རྗེས་སུ་ཟི་ལིང་དང་སྐུ་འབུམ། རེབ་གོང་རོང་བོ་དགོན་སོགས་སུ་ཕྱིན་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ལ་སྦྱང་མྱོང་ཡོད་པ་མ་ཟད། ཟི་ལིང་ནས་དབྱིན་ཡིག་ཀྱང་སྦྱངས། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་དུ་འབྱོར་ཏེ་ལོ་གཅིག་ལྷག་གི་རིང་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གནང་མཐར་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག །