ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཧི་མཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སུ་ཇ་བོད་ཁྱིམ་སློབ་གྲྭས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་དང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དེ་བཞིན་སློབ་གྲྭའི་ལོ་ལྟར་བོད་ལྗོངས་ང་ཚོའི་ཕ་ཡུལ། ཞེས་པའི་ལས་འཆར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཡིན་པ་དང་། མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོས་སློབ་མ་རྣམས་ཀྱིས་བཞེངས་པའི་འབུར་གཟུགས་འགྲེམས་སྟོན་དབུ་འབྱེད་གནང་བ་མ་ཟད། སློབ་ཕྲུག་རྣམས་ལ་སྒོ་གསུམ་གྱི་སྤྱོད་པ་སྤང་བླངས་ཚུལ་བཞིན་དུ་བྱེད་དགོས་པ་སོགས་དང་། དེ་བཞིན་༸གོང་ས་མཆོག་གི་༸སྐུའི་གསང་བ་གསུམ་གྱི་མཛད་རྗེས་རླབས་པོ་ཆེ་རྣམས་ངོ་སྤྲོད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གསུམ་སྟེ། འགྲོ་བ་མི་སྤྱིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་ཀྱི་མཛད་ཁུར་བཞེས་པ་གཞིར་བཟུང་རྒྱལ་སྤྱིའི་ཐོག་ངོས་འཛིན་གྱིས་འཛམ་གླིང་ནང་འགྲོ་བ་མི་རིགས་ཡོངས་ལ་སྤྱི་སྙོམས་ཀྱིས་ཐོག་ནས་བཟང་སྤྱོད་བསྐྲུན་ཐབས་ཀྱི་མཛད་ཁུར་བཞེས་གནང་མཛད་པར་གང་ཉིད་མཆོག་ལ་རྒྱལ་སྤྱིའི་ཐོག་ནས་རླབས་ཆེན་གྱི་མཛད་འཕྲིན་ཡིན་པར་ངོས་འཛིན་དང་། དེ་བཞིན་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་སོགས་ཆེ་བསྟོད་དང་ཆེ་མཐོང་གི་གཟེངས་རྟགས་ཧ་ཅང་མང་པོ་ཞིག་འབུལ་བཞེས་མཛད་ཡོད།
གཉིས་པ་ཆོས་ལུགས་མཐུན་འབྲེལ་ཐོག་ལོ་མང་རིང་ཐུགས་ཁུར་བཞེས་པ་གཞིར་བཟུང་ཆོས་ལུགས་འདྲ་མིན་གྱི་བསྟི་གནས་དང་། ཆོས་དཔོན་ཁག་དང་བླ་ཆེན་ཁག་མཇལ་འཕྲད་ཀྱིས་བཀའ་བསྡུར་དང་། ཆོས་ལུགས་མཐུན་འབྲེལ་ཡོང་སླད་མཛད་འཕྲིན་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་ཉེར་ལེན་ལ་བརྟེན་ནས་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་དང་གང་ཉིད་མཆོག་གི་མཛད་འཕྲིན་སྔར་ལྷག་རྒྱས་པར་སྤེལ་བ་འདིའི་ཐོག་རྒྱལ་སྤྱིས་ངོས་ལེན་ཡོད་པ་དང་། དེ་བཞིན་རང་རེ་བོད་པའི་སྤྱི་ཚོགས་ནང་ཆ་བཞག་ན། བོད་ཀྱི་ཆོས་ལུགས་ནང་ཕན་ཚུན་མཐུན་འབྲེལ་ཆེད་སྔ་ཕྱི་བར་གསུམ་དུ་མཛད་འཕྲིན་བསྐྱངས་པར་བརྟེན། དེང་སྐབས་ཀྱང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བར་ནང་ཁུལ་མཐུན་ལམ་དང་། རྡོག་རྩ་གཅིག་སྒྲིལ་ཡོད་པ་དེ་༸རྒྱལ་བ་རིན་པོ་ཆེས་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཆེད་དགུང་ལོ་ཕྲ་མོའི་དུས་ནས་མཛད་འགན་བཞེས་ཏེ་ལོ་ངོ་དྲུག་བཅུ་བརྒལ་པར་བོད་ཀྱི་གནད་དོན་ཆེད་རྒྱལ་སྤྱིའི་ཐོག་སྐུ་ལས་མཛད་པ་དེ་ང་ཚོས་བཀའ་དྲིན་བསམ་ཤེས་བྱ་དགོས་པའི་རྒྱུ་མཚན་ནི། བོད་ཀྱི་གནད་དོན་དེ་ཛ་དྲག་དང་གཉན་འཕྲང་དེ་ཙམ་ཆེན་པོ་ཡིན་ནའང་། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་མུ་མཐུད་གནས་པ་དེ་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་གནད་དོན་དེ་གསུམ་ངེས་པར་དུ་ཤེས་དགོས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གསུམ་གྱི་ནང་ནས་དང་པོར་དཔེ་བཞག་ན། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་པ་བཞིན། འཛམ་གླིང་འདིའི་སྟེང་དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་ནང་རྒྱ་ནག་དང་། ཨ་རི། དབྱིན་ཇི། རྒྱ་གར་བཅས་ཀྱི་དཔོན་རིགས་དང་། སྲིད་འཛིན། སྲིད་བློན་ག་རེ་ཡིན་ནའང་འགྱུར་བ་ཧ་ཅང་ཕྱིན་པ་བྱུང་ཡོད་ཀྱང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་བཅས་དུས་རབས་གཉིས་ཀྱི་ནང་གནད་དོན་འདིའི་མཛད་ཁུར་བཞེས་པ་གཞིར་བཟུང་འཛམ་གླིང་ཡོངས་ནས་ཆེ་མཐོང་ཞུ་ཡུལ་ཞིག་ཆགས་ཡོད་སྟབས། བོད་མི་ཞིག་གིས་རྒྱལ་སྤྱིའི་ཐོག་བག་ཆགས་བཞག་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་ཆེད་བག་ཆགས་བཞག་ཡོད་པ་འདི་ང་ཚོར་ཤིན་ཏུ་ནས་རྩ་ཆེན་པོ་དང་། མཛད་རྗེས་ཆེན་པོ་ཞིག་ཡིན་པ། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་ཁོ་ན་ཡིན་བསམ་དགོས་སྐོར་སོགས་དཔེ་མཚོན་དང་འབྲེལ་ངོ་སྤྲོད་ཞིབ་རྒྱས་གནང་།
གཞན་ཡང་སློབ་གྲྭའི་སློབ་མ་ཁག་གཅིག་ལ་ལེགས་གསོའི་བྱ་དགའ་གསོལ་རས་གནང་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་༸གོང་ས་མཆོག་གི་སྐུའི་མཛད་རྣམས་དང་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་ཉིན་གཉིས་རིང་གོ་སྒྲིག་གནང་ཡོད།
སྤྱིར་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་འདི་བཞིན་བོད་ཁྱིམ་སློབ་གྲྭ་ཁག་དང་། མ་སུ་རི་བོད་ཁྱིམ་ཁག་གི་ནང་སྲུང་བརྩི་ཞུ་སྲོལ་ཡོད་འདུག དེ་ལྟར་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། བོད་ཀྱི་སྔ་མོའི་གནས་སྟངས་དང་། ད་ལྟའི་གནས་སྟངས་གང་ཡིན་པ་ཁག་ལ་གཞི་བཅོལ་ནས་མ་འོངས་པར་བོད་ཀྱི་གནད་དོན་ཐོག་ག་རེ་བྱེད་དགོས་ཀྱི་ཡོད་པ་སློབ་ཕྲུག་ཚོས་ཐག་ཉེ་བོའི་སྒོ་ནས་ཤེས་རྟོགས་ཐུབ་སླད་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་པ་ཞིག་ཡིན་འདུག་པ་བཅས།།