༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༥ ཕྱིན་པ་རེད། མི་ལོ་ ༥༥ བར་ཚོགས་པ་འདི་འདྲ་ཞིག་གིས་དང་པོ་འགོ་བཙུགས་ནས་ད་བར་འདི་འདྲའི་ཡར་རྒྱས་ཕྱིན་པ་དེ་ནི་ལས་སླ་པོ་ཞིག་དང་ཉིན་ཁ་ཤས་ཀྱི་ལས་ཀ་ཆགས་ཀྱི་མེད། ལོ་ནས་ལོ་བསྟུད་དེ་ལས་ཀ་བྱེད་དགོས་ཀྱི་ཡོད། དེར་བརྟེན་དེའི་ཐོག་ཕྱག་ལས་གནང་མཁན་ལས་བྱེད་དང་དགེ་རྒན། དེ་བཞིན་སློབ་ཕྲུག་རིམ་བྱོན་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཁྱེད་རང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབས་པ། སོ་སོའི་ཚེ་འདི་ཕྱི་གཉིས་ལ་ཕན་པ་ཟེར་ན་འདྲ།
མདོར་ན་ཁྱེད་རང་ཚོས་གང་གནང་བ་དེ་རང་གཞན་གཉིས་ཕན་དང་འཕྲལ་ཕུགས་རྒྱང་གསུམ་དོན་སྙིང་ལྡན་པའི་བྱས་རྗེས་ཆེན་པོ་ཞིག་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་བརྟེན་དེ་གལ་ཆེན་པོ་རེད་ཅེས་ཞུ་དགོས་དོན་ཆགས་མེད། ང་ཚོ་བོད་པ་ཚོར་སྐྱོན་ཆ་གང་ཡོད་པ་རེད་ཅེས་བརྗོད་ན། སོ་སོའི་ད་ལྟའི་གནས་སྟངས་དེར་ཡིད་ཚིམས་ཏེ་འགྲིག་ཡོད་བསམས་པའི་ཐོག་ནས་འགྲོ་རྒྱུའི་ལུགས་སྲོལ་ཞིག་ཡོད། དེ་ལྟར་མིན་པར་ཡར་རྒྱས་ལ་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་ཁ་གསབ་བྱེད་དགོས་རྒྱུ་གང་ཡོད་པ་དེ་དག་ལ་འཐུས་ཤོར་མེད་པ་དང་འཚེམས་ལུས་མེད་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། འགྱུར་བ་དང་བཟོ་བཅོས་རྒྱག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམས་དྲན་གྱི་ཡོད། གཙོ་ཆེ་ཤོས་ང་ཚོ་བཙན་བྱོལ་ལ་བསླེབས་ནས་དུས་ཡུན་རིང་པོ་ཕྱིན་ཡོད་སྟབས། སྐབས་རེ་ང་ཚོ་བཙན་བྱོལ་ལ་ཡོང་དགོས་པའི་དགོས་པ་རྒྱུ་མཚན་དང་སྐབས་དེ་དུས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་པ་དེ་བརྗེད་འགྲོ་གི་ཡོད་པའི་མཐོང་སྣང་ཡོང་གི་འདུག དེར་བརྟེན་དེ་སོ་སོས་ཡང་ནས་ཡང་དུ་དྲན་གསོ་བཏང་སྟེ་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་ལ་ཡོང་དགོས་པའི་རྒྱུ་མཚན་དང་སྐབས་དེ་དུས་གནས་སྟངས་གང་འདྲ་ཆགས་པ།
དེ་བཞིན་བཙན་བྱོལ་ལ་ཡོང་ནས་ང་ཚོར་འགན་འཁྲི་གང་ཡོད་པ་དེ་ཡང་ནས་ཡང་དུ་དྲན་གསོ་བྱེད་རྒྱུ་དང་དེ་མ་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཙོ་ཆེ་ང་ཚོས་དམིགས་ཡུལ་དང་རེ་བ་གཅིག་ཡོད་པ་དེ་སོ་སོ་ཤེས་ཡོན་དང་ཀུན་སྤྱོད་ཡག་པོ་ཞིག་ཡོད་པའི་ཐོག་ནས་མ་འོངས་པར་ཕྱིར་ཕ་ཡུལ་ལ་ལོག་ནས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་དང་། བོད་རྒྱལ་ཁབ་འཛུགས་རྒྱུ་དང་དེ་འཛིན་སྐྱོང་བྱེད་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་ལྟ་བུ་ཞིག་ཡོང་བར་སློབ་སྦྱོང་ཡོད་པ་ཙམ་གྱི་འགྲིག་ཐབས་མེད། སློབ་སྦྱོང་ཚད་དང་ལྡན་པ་དང་སྤུས་ཀ་ཡོད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ང་ཚོའི་དམིགས་ཡུལ་དང་འགན་འཁྲི་དེ་གཞན་དང་མི་འདྲ་བའི་འགན་འཁྲི་ཆེན་པོ་དང་རླབས་ཆེན་ཞིག་དགོས་པ་དེ་ང་ཚོའི་གནས་སྟངས་དེས་ཁ་གྲགས་ཡོང་གི་ཡོད། དེར་བརྟེན་ཚང་མས་སྔར་ལྷག་སེམས་ཤུགས་དང་འབད་བརྩོན་རྒྱུན་མི་ཆད་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན། ང་རང་ཚོས་མུ་མཐུད་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་རང་བཞིན་མ་བརླག་པ་བྱེད་རྒྱུ་དེ་ད་ལྟ་ནས་གྲ་སྒྲིག་དགོས་རྒྱུ་དང་འབད་བརྩོན་བྱེད་དགོས་རྒྱུ་ཞིག་རེད་འདུག དེ་ཚང་མས་ཐུགས་ལ་འཇགས་རོགས། ཞེས་གསུང་བཤད་གནང་ཡོད།།