༢༠༡༥ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྦིར་ས་གནས་སུ་རྒྱལ་སྤྱིའི་མཁའ་དབྱིངས་འཕུར་ལྡིང་གི་རྩེད་འགྲན་ Paragliding World Cup ཐོག་རྒྱལ་ཁབ་ཁག་ ༣༥ ནས་ཕེབས་པའི་ཕྱི་རྒྱལ་བ་ཁྱོན་མི་གྲངས་ ༡༣༠ ཙམ་འདུ་འཛོམས་བྱུང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ལོ་རྒྱུས་ལ་ཡུད་ཙམ་ལྟ་བ། ཞེས་པ་དང་། ༸གོང་ས་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་པར་རིགས་ལམ་ནས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག དེ་ཡང་ཐེངས་འདིར་པར་རིགས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོར་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་སུ་དིར་ཤར་མ་ Sudhir Sharma མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་ཕེབས་པ་མ་ཟད། འགྲེམས་སྟོན་དབུ་འབྱེད་ཀྱང་གནང་འདུག
ཐེངས་འདིའི་འགྲེམས་སྟོན་འདི་བཞིན་སྦིར་དང་ཅོན་ཏ་ར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པ་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག