༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས
༄༅། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༢ ཉིན་རྡ་ས་མེག་གན་ནོར་བུ་གསོལ་མགྲོན་ཁང་དུ་རིང་མིན་རྒྱ་གར་བྱང་ཕྱོགས་མངའ་སྡེའི་ཨ་སམ་ཁུལ་གྱི་གྲོང་ཁྱེར་གོ་ཧ་ཊིར་ Guwahati རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༣ ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རི་ཁ་ Dr N K Trikha ལགས་དང་། སྐུ་ཞབས་ཨར་ཀེ་ཁི་རི་མེ་ RK Khrimey ལགས། སྐུ་ཞབས་ཨཱ་ནནྡ་ཀུ་མཱར་ Dr. Anand Kumar ལགས། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་འདུ་འཛོམས་གནང་ཡོད།
ཐོག་མར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཏྲི་རི་ཁ་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྐོར་ངོ་སྤྲོད་གནང་དོན།
དེ་རིང་འདིར་ང་ཚོས་འབྱུང་འགྱུར་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་དཀའ་ངལ་ཐོག་གོ་བསྡུར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཆེད་འཛོམས་པ་རེད། དཀའ་ངལ་དེར་རྣམ་པ་འདྲ་མིན་ཡོད།
དེ་དག་ཁོངས་ནས་རྒྱལ་ཁབ་གཅིག་གི་ངོ་བོ་གསོན་པོར་གནས་དང་མི་གནས་ཀྱི་གནས་སྟངས་ཤིག་དང་། རྒྱལ་ཁབ་དེར་ཐུན་མིན་ངོ་བོ་དང་རིག་གཞུང་། ལེགས་བྱང། དེ་བཞིན་འཚེ་མེད་ཞི་བར་གཞི་རྩར་བཟུང་བའི་གོམས་སྲོལ་ཞིག་ཡོད་པ་དེས་འབྱུང་འགྱུར་འཛམ་གླིང་ནང་ཞི་བདེ་སྤྲུན་རྒྱུར་ཕན་ཐོགས་ཧ་ཅང་ཡོད། དེ་ལྟ་བུའི་རིག་གཞུང་ལྡན་པའི་ཡུལ་དེ་བོད་དང་བོད་ཀྱི་རིག་གཞུང་ཡིན། བོད་མཐོ་སྒང་ནང་གནས་ཚུལ་གང་བྱུང་བ་རྣམས་སྐྱེ་བུ་བསམ་ཤེས་ལྡན་པ་ཞིག་གིས་བལྟས་ཚེ་བློ་ཡུལ་ལ་ཧ་ཅང་ཤོང་དཀའ་བ་ཞིག་ཡིན། རྒྱའི་བཙན་འོག་ཏུ་བོད་ཡུལ་ཧ་ཅང་རྩ་མེད་འགྲོ་རྒྱུའི་གནས་སྟངས་ཆགས་ཡོད། ལོ་རྒྱུས་ཐོག་བོད་དེ་དུས་རྟག་ཏུ་རང་བཙན་ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རང་བཙན་གྱི་གནས་སྟངས་ལ་རྩིས་མེད་རྡོག་རོལ་བཏང་ཡོད། དེང་སྐབས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད། བོད་མི་དཔའ་བོ་ཧ་ལམ་ ༡༥༠ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་དེ་དག་ཚང་མས་ཆོད་སེམས་ཧ་ཅང་བརྟན་པོས་བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ཆེ་མཐོང་ལྡན་པའི་ཐོག་ནས་སླར་བོད་དུ་གདན་ཞུ་དགོས་པ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་སྲུང་སྐྱོབ་དགོས་པའི་རེ་འདུན་བཏོན་ནས་ལས་འགུའ་དེ་འདྲ་སྤེལ་ཐུབ་ཡོད།
དེང་སྐབས་བོད་ནང་གི་གནས་སྟངས་ལ་མཚོན་ན། རྒྱ་ནག་གཞུང་གིས་ཆེད་མངགས་སྲིད་བྱུས་བཟོས་ནས་མི་འབོར་ཧ་ཅང་ཕོན་ཆེ་གནས་སྤོ་བྱས་བཅུག་སྟབས། ད་ཆ་བོད་ནང་དུ་རྒྱ་རིགས་ཀྱི་ཁེངས་ནས་ཡོད་པ་དང་། དེར་བརྟེན་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་བོད་རིགས་ལས་རྒྱ་རིགས་མང་བ་ཆགས་ཡོད། གནས་སྟངས་འདི་མཚམས་འཇོགས་དགོས། དེར་བརྟེན་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོས་དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཇི་འདྲ་ཞིག་ལ་བསླེབས་ཡོད་པ་བརྡ་ལན་གཏོང་བཞིན་ཡོད། བོད་ནང་ཛ་དྲག་གི་གནས་སྟངས་དེར་འཕྲལ་མར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་བྱ་རྒྱུ་དེ་ང་ཚོ་རྒྱ་གར་ཡུལ་མིས་ཚོས་ལས་འགན་ཆགས་ཡོད། བཙན་བྱོལ་བོད་མིའི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དབར་གྲོས་མོལ་ཐེངས་འགའ་ཤས་བྱུང་ཡོད་ཀྱང་། བར་ལམ་རྒྱ་ནག་ནང་གི་འགོ་ཁྲིད་འཕོ་འགྱུར་ཕྱིན་སྟབས་གྲོས་མོལ་མཚམས་འཇོག་བྱས་ནས་ད་ལྟའི་འཆར་གྲོས་མོལ་རྒྱུན་སྐྱོང་བྱ་རྒྱུའི་རྣམ་པ་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་རང་སྣང་གང་དྲན་བྱེད་བཞིན་ཡོད། བོད་ལ་འཚེ་མེད་ཞི་བ་དང་འདྲ་མཉམ་གཞི་རྩར་བཟུང་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཞིག་ཡོང་བ་བྱ་རྒྱུ་དེ་རྒྱ་གར་ལའང་ཁེ་ཕན་ཡོད་པར་བརྟེན། བོད་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རྒྱ་གར་གྱི་རང་དོན་རང་གཅེས་ཤིག་ཡིན། དེ་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་དང་མཐུན་སྒྲིལ་ལྡན་ཞིང་རང་བྱུང་ཁོར་ཡུག་གི་གནས་སྟངས་སྲུང་སྐྱོབ་ཐུབ་པའི་བོད་གཅིག་ཡོང་བར་རྒྱ་གར་གིས་ལས་འགུལ་སྤེལ་དགོས། རྒྱ་གར་འདི་བོད་ཀྱི་ཁྱིམ་མཚེས་ཉེ་ཤོས་ཤིག་ཡིན་པ་ཙམ་མ་ཟད། རིག་གཞུང་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་སོགས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་འབྲེལ་བ་ཧ་ཅང་ཡོད། ལྷག་པར་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་ནས་བརྗོད་ན། འབྱུང་འགྱུར་ང་ཚོའི་གནས་སྟངས་ཇི་ལྟར་ཆགས་མིན་དེ་བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བ་ཧ་ཅང་ཡོད། དེང་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚབས་ཆེ་བཟོ་བཞིན་ཡོད་པ་དེས་འཛམ་གླིང་ས་ཁུལ་མང་པོ་ཞིག་ལ་དོ་ཕོག་འགྲོ་རྒྱུ་ཡིན། གཤམ་དུ་ངའི་ལས་རོགས་གཅིག་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་བཏང་བ་དེས་ང་ཚོར་གནོད་སྐྱོན་གང་འདྲ་ཡོང་བཞིན་ཡོད་སྐོར་གསལ་བཤད་གནང་རྒྱུ་རེད།
བོད་ཀྱི་རྒྱུག་ཆུ་ཁག་ལ་བག་མེད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་བརྟེན་བོད་ཀྱི་བརྟན་ཆགས་འཁྱགས་རོམ་མྱུར་ཚད་མཐོ་པོའི་ཐོག་ནས་བཞུ་བཞིན་པ་སོགས་ནི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་རེད། བོད་ལ་རང་དབང་བྱུང་ན་ཁེ་ཕན་ཆེ་ཤོས་ང་ཚོར་ཡོད། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཧ་ཅང་མང་པོ་ཡོད། ཐེངས་འདིར་ང་ཚོ་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཊིར་ཕྱི་ཟླ་ ༡༡ ཚེས་ ༢།༣ བཅས་ཉིན་གཉིས་རིང་ལྷན་ཚོགས་ཤིག་འཚོགས་རྒྱུ་རེད། སྐབས་དེར་གོང་བརྗོད་གནད་དོན་ཚང་མའི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད།
ཅེས་གསུངས་རྗེས་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས་ཀྱིས་ཐེངས་ལྔ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་དམིགས་ཡུལ་དང་། དེ་བཞིན་ཉིན་གྲངས་གཉིས་རིང་གི་ལས་རིམ་བཀོད་སྒྲིག་གང་གནང་སོགས་ཀྱི་སྐོར་ངོ་སྤྲོད་གནང་དོན།
ང་ཚོ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འདི་བཞིན་ཐེངས་དང་པོ་ལྡི་ལི། ཐེངས་གཉིས་པ་ཅན་རྡི་གྷར། ཐེངས་གསུམ་པ་རྡ་རམ་ས་ལ། ཐེངས་བཞི་པ་བྷུདྡ་ག་ཡ། ཐེངས་ལྔ་པ་རྒྱ་གར་བྱང་ཕྱོགས་གོ་ཧ་ཊིར་འཚོགས་རྒྱུ་ཡིན་པ་རེད། ང་ཚོས་བོད་དོན་ཐོག་བགྲོ་གླེང་གནང་རྒྱུ་དང་། དེ་བཞིན་དེ་སྔོན་ཚོགས་འདུའི་ནང་གི་གནད་དོན་ཁག་གཅིག་གི་སྐོར་ལའང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ད་ལྟའི་ཆར་ཚོགས་འདུ་དེའི་ཐོག་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༨༢ ཙམ་ཚོགས་བཅར་གནང་རྒྱུ་གཏན་འབེབས་ཟིན་ཡོད། ཚོགས་འདུའི་དབུ་འབྱེད་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྒྱ་གར་བའི་གནད་ཡོད་མི་སྣ་ཁག་གཅིག་ཚོགས་འདུར་ཕེབས་གནང་གི་ཡོད།
ཐེངས་འདིའི་ཚོགས་འདུ་འདི་བཞིན་རྒྱ་གར་བྱང་ཕྱོགས་མངའ་སྡེའི་ནང་ལྷན་ཚོགས་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱས་པ་དེའི་ཤུགས་རྐྱེན་དང་པོ་དེ་རྒྱ་གར་བྱང་ཤར་ས་ཁུལ་ཁག་ནང་བྱུང་གི་ཡོད་སྟབས། ས་གནས་དེའི་མང་ཚོགས་ཁྲོད་ལ་བོད་ཀྱི་གནད་དོན་དེ་རྒྱ་གར་བའི་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེ་བ་ཆགས་ཡོད་མེད་ཐད་གོ་རྟོགས་དང་ཚོགས་ཆེན་དེའང་འབྲས་སྨིན་སོན་པ་ཞིག་ཡོང་ཐུབ་ཆེད་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་ཞབས་ཨཱ་ནན་ཌ་ཀུ་མཱར་ལགས་ཀྱི་བོད་ཀྱི་གནད་དོན་ནི་རྒྱ་གར་བའི་གནད་དོན་གལ་ཆེ་ཞིག་ཡིན་པ་དང་། ལྷག་པར་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཁོར་ཡུག་གི་གནས་སྟངས་དང་། རྒྱ་ནག་གི་སྲིད་བྱུས་འོག་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་རྒོལ་རྐྱེན་པས་འཛམ་གླིང་དང་ལྷག་པར་རྒྱ་གར་ལ་གནོད་ཚབས་ཇི་ཡོང་དང་། དེས་རྐྱེན་པས་བོད་མཐོ་སྒང་གི་གནད་དོན་ནི་རྒྱ་གར་བའི་གནད་དོན་ཞིག་ཡིན་སྐོར་སོགས་ཀྱི་སྐོར་རྒྱ་གར་གཞུང་ལ་དོན་མཚན་གསུམ་གྱི་ཐོག་ནས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་རྒྱས་པར་གནང་རྗེས་གསར་འགོད་པའི་འདྲི་བ་ཁག་ལ་ལན་འདེབས་དང་བཅས་ལས་རིམ་མཇུག་སྒྲིལ། །