ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༣ ཉིན་མ་ཧཱ་ར་ཤེ་ཊའི་གྲོང་ཁྱེར་ནཱག་པུར་དུ་རྟེན་གཞི་བྱས་པའི་མི་མང་གི་སྤྱི་ཚོགས་ཞབས་ཞུའི་འབྱུང་རིགས་དང་ཚོང་རིགས་སྡེ་ཚན་གྱི་མཐོ་སློབ་ཏུ་འཕགས་བོད་འབྲེལ་མཐུད་ལས་ཁང་དང་ཧིན་བོད་མཛའ་བྲེལ་ཚོགས་པ་གཉིས་ཀྱིས་ཕན་ཚུན་གླེང་མོལ་གྱི་ལེ་ཚན་ཞིག་གོ་སྒྲིག་གནང་ཡོད་འདུག
ཐེངས་འདིའི་ལས་རིམ་གྱི་བརྗོད་གཞི་གཙོ་བོ་ནི་བོད་ཀྱི་ཁོར་ཡུག་དང་དེས་རྒྱ་གར་ཐོག་ཤུགས་རྐྱེན་ཇི་ཡོང་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་བ་ཚོར་གོ་རྟོགས་ཇེ་ཆེར་དང་གོ་རྟོགས་དེ་བཞིན་རྒྱུན་མཐུད་ནས་སྤེལ་དགོས་པ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་འདུག
ལས་རིམ་ནང་མི་མང་གི་སྤྱི་ཚོགས་ཞབས་ཞུའི་མཐོ་སློབ་དེའི་ཚོང་རིགས་སྡེ་ཚན་དང་ཁོར་ཡུག་ཚན་པའི་འབྲེལ་ཡོད་ལས་བྱེད་སྐུ་ཞབས་ཅཱོཧན་ Shri Chauhan ལགས་ཀྱིས་སློབ་ཕྲུག་ཚོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱེད་ཞོར་དང་སྦྲགས་ཏེ། བོད་ཀྱི་ཁོར་ཡུག་དེ་བཞིན་གལ་ཆེའི་རང་བཞིན་ཡིན་ལུགས་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་སློབ་སྤྱི་ཨར་པི་གན་ Shri R.P.Gan ལགས་ཀྱིས་བོད་ཀྱི་ཁོར་ཡུག་གནས་བབ་ནི་གལ་ཆེ་ཡིན་པར་ངོས་འཛིན་གནང་ཐོག་འཛམ་གླིང་ཁྱོན་ཡོངས་དང་། ལྷག་པར་རྒྱ་གར་བས་ཁོར་ཡུག་ཐོག་རྩོད་ལེན་གནང་དགོས་སྐོར་དང་། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་སོགས་ཀྱི་གསུང་བཤད་གནང་འདུག
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཐེངས་དེའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་རྒྱ་གར་བ་ཚོས་ད་ལྟའི་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་གོ་རྟོགས་ཡོང་བར་བྱ་རྒྱུ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་གིས་རྒྱ་གར་ལ་ཤུགས་རྐྱེན་ཇི་སྤྲད་སྐོར་ཤེས་རྟོགས་ཡོང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་རྗེས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན་བསྟན་འདུག་པ་དང་འབྲེལ། ཁོར་ཡུག་གི་གནད་དོན་གྱི་དེབ་རིགས་ཁག་གཅིག་ཀྱང་ཚོགས་བཅར་བ་ཚོར་འགྲེམས་སྤེལ་གནང་ཡོད། ཐེངས་དེའི་གྲོས་བསྡུར་གྱི་ལས་རིམ་ནང་སློབ་ཕྲུག་གྲངས་ ༡༥༠ ཙམ་གྱིས་མཉམ་ཞུགས་གནང་ཡོད་འདུག
ལས་རིམ་ཉིན་གཉིས་པ་དེ་བཞིན་ Mahendra Kanisht Mahavidyalaya, Bhandara ཞེས་པ་དེར་ཚོགས་ཡོད་པ་དང་། ཉིན་གཉིས་པའི་ལས་རིམ་གྱི་དམིགས་བསལ་སྐུ་མགྲོན་དུ་རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་སན་དེ་ཤེ་མ་ཤ་རམ་ Shri.Sandesh Mesharam ལགས་ཀྱིས་དེ་སྔོན་ཁོང་གིས་བོད་དོན་ཆེད་མངའ་སྡེ་ཁག་ལྔའི་ནང་རྐང་འཁོར་བསྐོར་བསྐྱོད་གནང་ཡོད་སྐོར་ངོ་སྤྲོད་དང་། དེ་བཞིན་ཁོང་གིས་འདས་པའི་ཉམས་མྱོང་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་གང་ཡིན་པ། དེ་བཞིན་མ་འོངས་པར་འབྲེལ་ཡོད་ལས་བྱེད་ཚོས་ལས་རིམ་དེ་ལྟ་བུ་མུ་མཐུད་ཚགས་ཚུད་ངང་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཀྱི་ཐོག་གསུང་བཤད་གནང་སྟེ་ཐེངས་དེའི་ལས་རིམ་མཇུག་སྒྲིལ་ཡོད། །