༢༠༡༥ ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །བྱང་ཨ་ཕི་རི་ཀའི་གླིང་ཆེན་གྱི་ཏུ་ནི་ཤི་ཡའི་ Tunisia ཡུལ་གྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ National Dialogue Quartet འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་ཞུས་པའི་ནང་འཁོད་དོན། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཚབ་ཞུས་ནས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཏུ་ནི་ཤི་ཡའི་ Tunisia ཡུལ་གྱི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆུང་ལ། National Dialogue Quartet འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཐོབ་པར་དགའ་བསུའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཏུ་ནི་ཤི་ཡའི་ངལ་རྩོལ་ཚོགས་པ་དང་། Tunisian General Labour Union བཟོ་ལས་མཐུན་ཚོགས། Tunisian Confederation of Industry ལག་ཤེས་དང་ཚོང་ལས་སྡེ་ཚན། Trade and Handicrafts ཏུ་ནི་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ཁྲིམས་རྩོད་པའི་མཐུན་ཚོགས། Tunisian Human Rights League and Tunisian Order of Lawyers བཅས་ཚོགས་པ་གཙོ་གྲས་བཞི་ལས་གྲུབ་པའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆུང་གིས། ཏུ་ནི་ཤི་ཡའི་ནང་མང་གཙོའི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་དྲག་སྤྱོད་དང་འཇིགས་སྐུལ་གྱི་འཚེ་བའི་བྱ་སྤྱོད་ལ་བརྟེན་ནས་ལམ་ལྷོང་མི་ཡོང་བའི་ཉན་ཁ་ཧ་ཅང་ཡོད་ཀྱང་ཁྱེད་རྣམ་པས་སྙིང་སྟོབས་ཞུམ་མེད་ཐོག་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཐུབ་པར་བརྟེན། མཐར་དཀའ་རྙོག་རྣམས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཏེ་མང་གཙོའི་རིང་ལུགས་ཆ་ལག་ཚང་བ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། རྒྱུད་རིམ་དེའི་ཁྲོད་ཡུལ་དེའི་ནང་དུ་སྤྱི་ཚོགས་བརྟན་ལྷིང་དང་ཞི་བདེ་ལྷིང་འཇགས་སྐྲུན་རྒྱུར་ཁྱེད་རྣམ་པས་རླབས་ཆེན་གྱི་ལག་རྗེས་འཇོག་གནང་ཡོད། དེར་བརྟེན་ཁྱེད་རྣམ་པས་འཛམ་གླིང་སྤྱི་དང་ལྷག་པར་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་རང་དབང་རྩོད་ལེན་བྱེད་བཞིན་པ་རྣམས་ལ་སྙིང་སྟོབས་སྤེལ་མཁན་མིག་དཔེ་ལྟ་བུར་གྱུར་ཡོད།
ཏུ་ནི་ཤི་ཡའི་མི་མང་ཚོས་ཀྱང་འཚེ་བ་དང་འཇིགས་སྐུལ་གྱི་ཉན་ཁའི་འོག་བཟོད་བསྲན་དང་ཆིག་སྒྲིལ་གྱི་ནུས་པ་སྤེལ་བར་ནོ་བེལ་ཞི་བདེའི་གཟེངས་རྟགས་འདི་ཐོབ་ཡོད། དེར་བརྟེན་ནོ་བེལ་ཞི་བདེའི་གཟེངས་རྟགས་འདི་ཏུ་ནི་ཤི་ཡའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆུང་དང་ཡུལ་དེའི་མི་མང་ཙམ་ལ་རྒྱལ་ཁ་ཐོབ་པ་ཞིག་མིན་པར་དྲང་བདེན་དང་འཚེ་མེད་ཞི་བ། དེ་བཞིན་གཞི་རྩའི་འགྲོ་བ་མི་རིགས་སྤྱིའི་ཕན་བདེའི་ཆེད་རྒྱལ་ཁ་ཐོབ་པ་ཞིག་ཡིན། ཞེས་འཁོད་འདུག
མ་ཡིག་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པར་བརྟེན་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།