༢༠༡༥ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུར་བུ།.
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་ཇ་སི་ཊིན་ཏུ་རུ་དོ་ Justin Trudeau མཆོག་ཉེ་ལམ་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་གསར་པར་འོས་འདེམས་བྱུང་བར་འཚམས་འཕྲིན་ཕུལ་དོན། ངས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་དང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་ཐེངས་འདིར་རྒྱལ་ཡོངས་སྲིད་བློན་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གིས་ཕ་ཤུལ་བུས་འཛིན་ཐོག་ཐེངས་འདིར་ཁེ་ན་ཌའི་སྲིད་བློན་དུ་འོས་འདེམས་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། སྐུ་ཉིད་མཆོག་གིས་སྲིད་བློན་གྱི་ལས་ཡུན་རིང་རྒྱལ་ཁབ་ཡར་རྒྱས་ཀྱི་ལས་དོན་ཚགས་ཚུད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པས་༸གོང་ས་མཆོག་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཉེ་ལམ་ཁེ་ན་ཌའི་གཞུང་མང་གཉིས་ཀྱིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གནས་འཁོད་བོད་མི་རྣམས་ལ་ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་མཐུན་འགྱུར་རོགས་རམ་གནང་བ་དེར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
སྐུ་ཉིད་མཆོག་གིས་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག འབྱུང་འགྱུར་ཡང་སྐུ་ཉིད་མཆོག་གིས་བོད་ནང་གི་ད་ཡོད་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་བ་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།