༢༠༡༥ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་བ་ནས་འདས་པའི་ལོ་ངོ་ལྔ་བཅུ་ང་དྲུག་ང་བདུན་གྱི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ལ་ངོམ་སོ་ཆོག་པའི་ང་རང་ཚོའི་གནས་སྟངས་སྐྱོ་བོའི་འོག་ནས་བོད་པའི་སློབ་ཕྲུག་ཡོངས་ལ་ཤེས་ཡོན་སྤྲད་ཐུབ་པ་ནི་དགའ་སྤོབས་ཆེན་པོ་བྱེད་འོས་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་ནང་ནས་དེ་རིང་གི་དམིགས་བསལ་སྐུ་མགྲོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གྱི་འོག་ནས་སྐུ་ཚེ་ཧྲིལ་པོ་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སྤྲད་རྒྱུའི་ཐུགས་འགན་བཞེས་ཡོད།
དེ་བཞིན་ང་ཚོའི་གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ནའང་རིན་པོ་ཆེས་ཐུགས་འགན་བཞེས་ཏེ་ད་བར་ང་ཚོ་འགྲོ་ལུགས་ཚད་ལྡན་ཞིག་གི་ཐོག་བསླེབས་ཐུབ་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་བའི་སྐབས་ལའང་བཀའ་ཤག་གི་འགྲོ་ལུགས་འགྲོ་སྟངས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་རིན་པོ་ཆེས་ཕྱག་རྗེས་ཆེན་པོ་བཞག་ཡོད། ལྷག་པར་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པ་གནང་སྐབས་ཕྱི་ལོ་ ༢༠༠༡ ནས་ལས་རིམ་མང་པོ་ཞིག་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྒྱུའི་ཐོག་སྐུ་ལས་མང་པོ་སྐྱོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༤ ལོར་འཛིན་སྐྱོང་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་དེ་གྲོས་ཚོགས་ནང་བསྣམས་ཕེབས་ཡོད། རྩ་བའི་རིན་པོ་ཆེས་གྲོས་ཚོགས་ནང་ཆ་ཤས་བཞེས་སྐབས་གནད་དོན་གང་འདྲ་ཞིག་ཡིན་རུང་བཀའ་ལན་གཏིང་ཟབ་པོ་དང་འགྲེལ་བཤད་ཁ་གསལ་གནང་གི་ཡོད། རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་རྒྱུའི་ཐོག་ཐུགས་འགན་གཙོ་བོ་བཞེས་པའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་མ་འོངས་པར་ང་ཚོའི་མི་རབས་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུའི་ཐུགས་འགན་བཞེས་པ་དེར། དེ་རིང་གི་གོ་སྐབས་འདིའི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་།
ཤེས་ཡོན་སྲིད་བྱུས་ཀྱི་ངོ་བོ་དང་སྒྲོམ་གཞི། རྒྱུ་མཚན་སོགས་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་གསལ་པོར་བཀོད་ཡོད་པ་རེད། ཉེ་ཆར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཙུགས་ནས་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱས་ཏེ་ལོ་ངོ་ ༡༠ འཁོར་བའི་དུས་དང་སྟབས་བསྟུན། མང་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཚུལ་དང་ལྡན་པ་ལག་ལེན་བསྟར་ཐུབ་ཡོད་མེད་ཀྱི་གླེང་སློང་བྱུང་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། འདས་པའི་ལོ་ངོ་ ༡༠ རིང་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་སྟངས་ཇི་མ་ཇི་བཞིན་ཞིབ་ཚགས་པོ་བལྟས་ཏེ། གྲོས་ཚོགས་ཀྱི་ཚོགས་དུས་ ༡༠ བའི་སྟེང་ཉིན་གཅིག་ལྷག་རིང་བགྲོ་གླེང་བྱས་ཡོད། ཚོགས་ཆུང་གིས་རྒྱབ་གཉེར་ཁག་དེ་དག་ལ་གྲོས་ཆོད་བཞག་ཡོད། གྲོས་ཆོད་ནང་ནས་གཙོ་བོ་ཚོགས་ཆུང་གིས་གཟིགས་ཞིབ་ནང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོ་སློབ་གྲྭ་གཞན་གྱི་སློབ་ཕྲུག་དང་མི་འདྲ་བའི་གནས་སྟངས་ཧ་ཅང་ཡག་པོ་ཞིག་ལ་འགྱུར་ཡོད་པའི་གཟིགས་ཚུལ་ཡོད་པ་དང་། ཚོགས་ཆུང་གི་རྒྱབ་གཉེར་ནང་མ་འོངས་པར་བོད་པའི་སློབ་གྲྭ་ཚང་མར་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དགོས་པའི་གྲོས་ཆོད་བཞག་ཡོད་པར་བརྟེན། ད་ལྟ་སློབ་གྲྭ་ཁག་གཅིག་ནང་ཤེས་ཡོན་སྲིད་བྱུས་གཞིར་བཟུང་འགྲོ་ཐུབ་མིན་དང་། སློབ་གྲྭ་ཁག་གཅིག་ནང་དགེ་རྒན་ཉུང་བའི་གནས་སྟངས་ཤིག་བཏོན་ཡོད་པར་བརྟེན་དགེ་རྒན་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱས་ནས་སློབ་གྲྭ་ཁག་ཚང་མས་ཤེས་ཡོན་སྲིད་བྱུས་བེད་སྤྱོད་གཏོང་ཐུབ་པ་ཡོང་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རེ་བ་ཞུ་བཞིན་ཡོད། ཤེས་ཡོན་སྤྲད་དགོས་པའི་རྒྱུ་མཚན་དང་། དགོས་པ། དམིགས་ཡུལ་སོགས་ཆ་ཚང་ཤེས་ཡོན་སྲིད་བྱུས་ཀྱི་དེབ་ནང་འཁོད་ཡོད།
འོན་ཀྱང་ངས་བལྟས་སྐབས་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཤོས་གཉིས་ཆགས་འདུག དང་པོ་ནི་ཤེས་ཡོན་ག་ཚོད་ཐོན་ཡོད་ཀྱང་བཟང་སྤྱོད་ཀྱི་ཆ་འཛིན་མ་ཐུབ་ན། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་དྲ་ལམ་བརྒྱུད་བཟང་སྤྱོད་རྩ་བ་ནས་མེད་པའི་ཐོག་ནས་གནས་ཚུལ་མང་པོ་ཞིག་འགྲོ་བཞིན་འདུག ད་ལྟ་འདྲ་མིན་སྣ་ཚོགས་འབྲི་མཁན་ཚོ་དང་མ་འོངས་པའི་མི་རབས་ཚོ་ལའང་དེ་དེ་བཞིན་འབོད་སྐུལ་ཞུ་རྒྱུ་ཡིན། བཟང་སྤྱོད་དང་ལྡན་པའི་ཐོག་ནས་ལས་ཀ་གང་འདྲ་ཞིག་བྱས་ན་གཞན་གྱིས་ཡིད་སྨོན་ཡོང་རྒྱུ་ཞིག་རེད། བཟང་སྤྱོད་དང་མ་ལྡན་པ་གང་འདྲ་ཞིག་བྱས་ཀྱང་སྡུག་པ་མ་གཏོགས་ཡག་པ་ཡོང་རྒྱུ་མེད་པ་དེའི་ཐོག་དགོངས་པ་བཞེས་དགོས། གཉིས་པ་ནི་ཤེས་ཡོན་སྲིད་བྱུས་ནང་གསལ་བ་ལྟར། ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་གཞན་རྟེན་གྱི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་ཡོང་བཞིན་ཡོད། དེར་བརྟེན་སོ་སོས་དཀའ་ལས་བརྒྱབ་སྟེ་སོ་སོའི་རྐང་པའི་སྟེང་ལངས་ཐུབ་པ་ཞིག་མ་ཆགས་པར་དུས་རྟག་ཏུ་གཞན་ལ་རེ་བ་བཅོལ་ནས་བསྡད་ཚེ། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་གྱི་ཡོད་མེད་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག དེར་བརྟེན་གཞན་རྟེན་གྱི་བསམ་བློ་དོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་ཡོད།
སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་གཅིག་ལ་གཅིག་ཕན་བྱེད་རྒྱུ་དེ་གང་ཙམ་ཉུང་ཉུང་རེད་འདུག དཔེར་ན། རྒྱ་གར་བའི་སྤྱི་ཚོགས་ནང་བར་ལམ་ང་ཡར་མར་འགྲོ་སྐབས་གནས་སྐོར་བ་ཚོར་ཕེབས་ལམ་ལ་ཞལ་ལག་རིན་མེད་ཀྱི་ཐོག་ནས་གནང་བ་སོགས་མང་པོ་ཞིག་མཇལ་རྒྱུ་འདུག ང་ཚོ་བོད་པ་ཚོས་གསུང་ཆོས་སོགས་གང་དུ་ཡིན་རུང་དངུལ་བཟོ་རྒྱུའི་བསམ་བློ་མ་གཏོགས་དེ་ལྟ་བུའི་ཐོག་ནས་གཞན་ལ་རོགས་པ་བྱེད་རྒྱུ་ཁག་པོ་རེད་འདུག ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཡིན་ནའང་ལོ་གཅིག་ལ་ཨ་སྒོར་ས་ཡ་ ༣༨ ཡས་མས་ཙམ་འགྲོ་སོང་གཏོང་བཞིན་ཡོད་ཁོངས་ནས་ང་རང་ཚོ་བོད་པས་བསྡུས་པའི་སྒོར་མོ་ཕལ་ཆེར་འབུམ་ཆིག་སྟོང་ཆིག་བརྒྱ་ཉིས་བརྒྱ་ཙམ་མ་གཏོགས་བསྡུ་རུབ་ཐུབ་ཀྱི་མེད། དེར་བརྟེན་ང་ཚོས་ལོ་གཅིག་ལ་སྒོར་མོ་བརྒྱ་ཙམ་བེད་སྤྱོད་བཏང་གི་ཡོད་ན་དེ་ནས་སྒོར་མོ་དགུ་བཅུ་གོ་བཞི་ཙམ་གཞན་ནས་སློང་བརྒྱབ་ནས་སྡོད་ཀྱི་ཡོད། སྒོར་མོ་དྲུག་ཙམ་ང་ཚོས་བསྡུས་ཀྱི་ཡོད། གཞན་སྒོར་མོ་ ༩༤ དེ་གཞན་ཕན་གྱི་བསམ་བློ་ཡོད་མཁན་ནུབ་ཕྱོགས་དཔལ་འབྱོར་ཡོད་མཁན་ཚོས་རྒྱབ་སྐྱོར་བྱས་ཏེ་ཡོང་བཞིན་ཡོད། གནས་སྟངས་འདི་ཚོའི་ཐོག་གཞི་རིམ་བསམ་བློར་འགྱུར་བ་མ་ཕྱིན་ན་མ་འོངས་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་མཐོང་གི་འདུག དེར་བརྟེན་དེ་རིང་འདིར་གོ་སྒྲིག་གནང་མཁན་དགེ་རྒན་ཕ་མའི་ཚོགས་ཆུང་དང་མེས་དབོན་གཙུག་དཔེ་སྟོན་སློབ་གྲྭ་འདི་གཟེངས་སུ་ཐོན་པ་ཆགས་རྒྱུའི་རྒྱུ་གཙོ་བོ་སློབ་གྲྭའི་དགེ་རྒན་རྣམ་པ་ཚོ་ཆགས་ཀྱི་ཡོད་སྟབས། དེ་རིང་གོ་སྐབས་འདི་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།