༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས་ཉིན་རྡ་ས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ངང་སྲུང་བཞི་ཞུས་སོང་། དེ་ཡང་གོང་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་ཆེ་མཐོའི་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སྦྱིན་བདག་དང་སྐུ་མགྲོན་རྣམ་པ། བོད་ཁྱིམ་སློབ་གྲྭ་གཞན་ཁག་ནས་ཕེབས་པའི་དགེ་ལས་སློབ་ཕྲུག་རྣམ་པ། མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་བོད་ཁྱིམ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་འགན་འཛིན་རྣམ་པས་གུས་བསུའི་སྣེ་ལེན་ཞུས་གྲུབ་མཚམས་སློབ་ཕྲུག་རྣམས་ནས་གུས་འདུད་རུ་སྒྲིག་ཐོག་ཕེབས་བསུ་ཞུས།
དེ་ནས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་ཞུས་བསྟུན་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་།
དེ་རྗེས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་ལྷན་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་། དེ་ནས་སྲིད་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་།
དེ་རྗེས་བོད་ཁྱིམ་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བའི་ལས་བྱེད་གྲངས་ ༣༥ ཡོད་པ་རྣམས་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་སྡེ་ཁག་གསུམ་ནང་ཡིག་རྒྱུགས་གྲུབ་འབྲས་ཡང་རྩེར་སོན་པའི་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་མི་ཅི་ཀོ་ཡ་མ་ས་ཀི་ལགས་དང་། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་ཆེན་ལགས། སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་རྡ་ས་བོད་ཕྲུག་ཁྱིམ་སྡེའི་བུ་དང་བུ་མོའི་སློབ་མ་རྩེ་ཕུད་བསྟན་འཛིན་འབྲུག་གྲགས་ལགས་དང་བུ་མོ་གཡོང་དགའ་ལགས་གཉིས་བཅས་ལ་ལེགས་སྐྱེས་གཟེངས་བསྟོད་གནང་།
དེ་ནས་ཕྱི་ལོ་ ༡༩༩༠ ལོའི་བོད་ཁྱིམ་སློབ་ཟུར་རྣམས་ཀྱིས་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཟུར་པ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་གཟེངས་རྟགས་དང་། ལྷག་པར་བོད་ཁྱིམ་སློབ་གྲྭས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་རིན་ཆེན་ཟངས་ལས་གྲུབ་པའི་བོད་ཁྱིམ་གྱི་ལས་རྟགས་ཤིག་ཕུལ་གྲུབ་མཚམས་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་དང་ལུས་རྩལ་སོགས་བརྩེས་རྗེས་རྡ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་དངོས་གྲུབ་དབང་འདུས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།།