ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་བཙུན་མའི་ལས་འཆར་ཐུན་མོང་གིས་གོ་སྒྲིག་འོག་རྡ་ས་མེག་ལོཌ་གྷན་ཇིར་རྟེན་གཞི་བྱས་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་གི་ཆོས་རའི་ནང་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པའི་མཛད་སྒོ་དབུ་འབྱེད་ཆོས་རིག་བཀའ་བློན་མཆོག་གིས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཙོས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། དགེ་ལྡན་ཆོས་གླིང་གི་དགེ་ལས། ཕྱོགས་མཐའ་ཁག་ནས་ཕེབས་པའི་དཔེ་ཁྲིད་དགེ་རྒན་རྣམ་པ། བཙུན་དགོན་ཁག་བདུན་ནས་ཕེབས་པའི་བཙུན་མ་རྣམས་ལྷན་འཛོམས་ཀྱི་དབུས་སུ་སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་སྣང་གསལ་ཞལ་འབྱེད་དང་ལྷན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཎྜལ་འདེགས་འབུལ་ཞུས་གྲུབ་མཚམས་དབུ་མཛད་ཀྱིས་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་བསྐུལ་དང་ལྷན་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་དགེ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་བྱམས་པ་ཐུབ་བསྟན་མཆོག་གིས་ཕེབས་བསུ་དང་འབྲེལ་ཟླ་བ་གཅིག་རིང་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པའི་ལས་རིམ་ཁག་ངོ་སྤྲོད་ཀྱི་གསུང་བཤད་དང་བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ངས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འཇང་དགུན་ཆོས་ཐེངས་ ༢༡ པའི་དབུ་འབྱེད་མཛད་སྒོར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱིར་དེ་སྔ་སྒྲོལ་མ་གླིང་སོགས་སུའང་བཅར་རྒྱུ་བྱུང་། ཐེངས་འདིའི་འཇང་དགུན་ཆོས་ལ་བཙུན་མ་གྲངས་ ༣༥༠ ཙམ་ཕེབས་ཡོད་པ་དང་། དེའི་ནང་ནས་བཙུན་མ་ ༢༡༠ ཙམ་ཕྱོགས་མཐའ་ཁག་ནས་ཕེབས་འདུག ཁྱེད་རྣམས་ཆེད་མངགས་འདིར་ཕེབས་ཏེ་ཟླ་བ་གཅིག་རིང་ཚད་མའི་སྐོར་བགྲོ་གླེང་གནང་རྒྱུ་དེ་གལ་ཆེན་པོ་རྩི་གི་ཡོད། གོང་དུ་བཀའ་ཟུར་མཆོག་གིས་གསུངས་པ་ནང་བཞིན་རེད། དེ་སྔ་བོད་ནང་ལྷ་སའི་ཉེ་འགྲམ་དུ་གྲོང་པ་ཞིག་ཡོད་པ་དེའི་མིང་ལ་འཇང་ཟེར་ཞིང་། དགུན་ཆོས་ཟེར་དགོས་དོན་ནི་དགུན་དུས་ཚོགས་བཞིན་ཡོད། དེའི་སྐབས་ཧ་ཅང་གཏིང་ཟབ་པོ་དང་རྒྱ་ཆེན་པོའི་སྒོ་ནས་རྟགས་གསལ་གཏོང་གི་ཡོད་འདུག
རྒྱ་གར་ནང་ཕེབས་རྗེས་ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་ཐུན་མོང་གི་ཐོག་ནས་ད་བར་ཐེངས་ ༢༡ མུ་མཐུད་ནས་གོ་སྒྲིག་ཐུབ་པ་དེ་ཧ་ཅང་གི་གཟི་བརྗིད་རེད་སྙམ་གྱི་འདུག འཇང་དགུན་ཆོས་སུ་ཕེབས་མཁན་རྣམས་ནས་འདིར་ཕེབས་དགོས་པའི་དགོས་པ་རྒྱུ་མཚན་གང་རེད། རྟགས་གསལ་གང་གཏང་དགོས། དོ་སྣང་བྱེད་དགོས་པ་གང་འདུག་དེ་དག་ལ་དོ་སྣང་བྱས་ནས་ཟླ་བ་གཅིག་གི་རྗེས་སུ་ཕྱིར་ཕེབས་སྐབས་དོན་དང་ལྡན་པ་གནང་བ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག དེ་དང་ཆབས་གཅིག་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཁྱེད་རང་ཚོ་མང་ཆེ་བ་ལོ་གཞོན་པ་ཤ་སྟག་རེད་འདུག སྤྱིར་ཆོས་བརྒྱུད་ཁག་དང་བཙུན་དགོན་ཁག་ཚང་མའི་ནང་རབ་ཏུ་བྱུང་མཁན་ཉུང་དུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཚང་མར་དཀའ་ངལ་དང་སེམས་ཁྲལ་ཞིག་ཏན་ཏན་ཡོད། ཆོས་རིག་ལས་ཁུངས་ངོས་ནས་གྲངས་ཀ་ལས་སྤུས་དག་པ་གལ་ཆེ་བ་བརྩི་གི་ཡོད། གྲྭ་བཙུན་མང་པོ་ཞིག་ཡོད་པ་དང་སྤུས་དག་པོ་མེད་པ་ལས། ཉུང་ཉུང་དང་སྤུས་དག་པོ་ཡོད་པ་དེ་གལ་ཆེ་བ་བརྩི་དགོས་མིན་འགྲོ་བསམ་གྱི་འདུག དེར་བརྟེན་སྤུས་དག་པོ་དང་རྩ་ཆེན་པོ་ཡོད་དགོས་ཀྱི་ཡོད་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་པོ་རེད། བཀའ་འགྱུར་དང་བསྟན་འགྱུར་ལ་སྐྱབས་སུ་མཆི་ཞེས་མཆོད་པ་འབུལ་བ་ཙམ་གྱི་འགྲིག་གི་མེད། བཀའ་འགྱུར་བསྟན་འགྱུར་ལ་སློབ་གཉེར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་ཡང་ཡང་བཀའ་སློབ་སྩལ་ཡོད།
དེ་བཞིན་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་བྱས་པའི་སྐབས་སུ་བསམ་ཡུལ་ལས་འདས་པའི་གཏིང་ཟབ་པོ་དང་། རྒྱ་ཆེན་པོ། སློབ་སྦྱོང་བྱས་པ་ཡིན་ན། གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་སྟབས། ང་ཚོས་དགོན་སྡེ་ཁག་ཏུ་ཕྱིན་ནས་དོ་སྣང་བྱས་ཏེ་དགེ་བཤེས་ལྷ་རམས་པའི་ཡིག་རྒྱུགས་གཏོང་སྐབས་ཧ་ལས་པའི་བསླབ་པ་སློབ་གཉེར་བྱས་ཏེ་དཀའ་ལས་བརྒྱབ་ནས་དགེ་བཤེས་ལྷ་རམས་པ་ཐོན་གྱི་འདུག་མ་གཏོགས་ལས་སླ་པོ་རེད་མི་འདུག ཁྱེད་རང་ཚོ་སེམས་ཐག་བཅད་དེ་བཙུན་མ་བྱས་པ་ཡིན་སྟབས་ནང་ཆོས་ལ་མཐར་ཕྱིན་པ་སློབ་གཉེར་བྱ་དགོས།
ངས་ག་དུས་ཡིན་ནའང་ཞུ་གི་ཡོད། སོ་སོར་ཡོད་པའི་གནའ་སྲོལ་བཟང་པོ་དེ་གཞི་ལ་བཞག་པའི་ཐོག་ནས་དེང་དུས་དང་མཚུངས་པའི་བསླབ་པ་སློབ་གཉེར་བྱེད་སྟངས་དང་། གོམ་པ་མདུན་སྤོས་གང་འདྲ་ཞིག་བྱ་དགོས་ཀྱི་འདུག ཅེས་དགོངས་པ་བཞེས་པའི་ཐོག་ནས་བསླབ་པ་སློབ་གཉེར་བྱ་དགོས་ཀྱི་འདུག་ཅེས་ཞུ་མཁན་གྱི་གྲས་ཤིག་ཡིན། དེར་བརྟེན་འཇང་དགུན་ཆོས་དེ་འཇང་དབྱངས་དགུན་ཆོས་ཞུ་གི་མེད། བགྲོ་གླེང་ཆེན་པོ་ཞེས་ཞུ་གི་ཡོད། བགྲོ་གླེང་ཆེན་པོ་དེའི་ནང་ཆོས་བརྒྱུད་ཁག་ནས་མཁས་པ་མི་བཅུའམ་དྲུག་སྐད་བཏང་ནས་མཁས་པ་ཚོས་ཚད་མའི་ཐོག་ལ་རྩོམ་རེ་བྲིས་ནས་འཁྱེར་ཡོང་རོགས་ཅེས་ཞུས་ཡོད། ཁོ་རང་ཚོས་རྩོམ་བྲིས་ནས་འཁྱེར་ཡོང་བ་རེད། རྩོམ་པ་པོས་རང་གི་རྩོམ་དེ་མར་སྒྲོགས་སྦྱང་གནང་བ་དང་། གཞན་ཚོས་རྩོམ་དེ་དང་འབྲེལ་བའི་དྲི་བ་གཏོང་བ་སོགས་ཀྱི་སྒོ་ནས་ང་ཚོས་བགྲོ་གླེང་གི་རྣམ་པ་ཞིག་འགོ་བཙུགས་པ་ཡིན། ཧ་ཅང་ཡག་པོ་བྱུང་སོང་། ཁོ་རང་ཚོས་ཀྱང་དེ་ཧ་ཅང་གི་ཡག་པོ་འདུག བགྲོ་གླེང་དེ་ལྟ་བུ་ཡང་ནས་ཡང་འཛུགས་ཐུབ་ན་ཡག་པོ་འདུག་ཅེས་ཟེར་མཁན་མང་པོ་བྱུང་། དེར་གཞི་ལ་བཞག་པའི་ཐོག་ནས་ང་ཚོས་ལོ་རེར་ཐེངས་རེ་ཚུགས་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།
ཐོག་མར་ང་ཚོས་བགྲོ་གླེང་དེ་བཞིན་རྡ་རམ་ས་ལར་གནང་ཐུབ་པ་ཡིན་ན་ཞེས། སྤྱིར་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡོད་པ་དང་། དབུ་འབྱེད་མཛད་སྒོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་ཡིན་ན། རྒྱལ་རབ་ལོ་རྒྱུས་ནང་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་བྱས་པ་ཡིན་ན་གཟི་བརྗིད་ལྡན་པ་ཞིག་ཡོང་གི་རེད་ཅེས་ང་ཚོས་རྡ་རམ་ས་ལར་འགོ་འཛུགས་བྱ་རྒྱུའི་དམིགས་ཡུལ་བཅང་བཞིན་ཡོད། ན་ནིང་ང་ཚོས་བགྲོ་གླེང་ཆེན་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་འཕྲིན་ཧ་ཅང་རྒྱས་པོ་ཡིན་སྟབས་དབུ་འབྱེད་ལ་གདན་འདྲེན་ཞུས་ཐུབ་མ་སོང་། ན་ནིང་ང་ཚོས་རྒྱུད་སྟོད་དུ་འཚོགས་པ་ཡིན།
ད་ལོ་ང་ཚོས་སྦེལ་ཀོབ་རྣམ་འགྲོལ་གླིང་དགོན་པར་ཚོགས་ཐུབ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད། ཡིན་ནའང་ང་ཚོས་རྣམ་འགྲོལ་གླིང་ལ་བཀའ་འཁྲོལ་ཞུས་དང་ཞུ་བཞིན་པ་ཡིན། ཆོས་རིག་ལས་ཁུངས་ནས་སྤྱི་ཡོངས་ཀྱི་ཐོག་ནས་དགོངས་པ་བཞེས་དགོས་སྟབས། མ་འོངས་པར་ཆོས་རྒྱུད་ཚོས་རེས་མོས་བྱེད་དེ་གོ་སྒྲིག་གནང་རྒྱུ་ཡིན་གསུང་གི་འདུག ཚང་མ་འདོད་བློ་ཁེངས་པ་དང་དོགས་པ་རྣམ་རྟོག་མི་ཡོང་བ་ཆེད་དུ་ཆོས་རྒྱུས་རེས་མོས་ཀྱིས་གནང་བ་ཡིན་ན་ཐུགས་མཐུན་ཁྲིམས་གཙང་ཡོང་བ་འདུག་ཅེས་གསུང་བྱུང་། ང་ཚོས་འཆར་གཞི་དེ་འདྲ་ཞིག་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་བཙུན་དགོན་དགེ་ལྡན་ཆོས་གླིང་གི་ཕྱག་མཛོད་བསྟན་འཛིན་ལྷ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒྲོ་གྲོལ་ཡོད།།