༢༠༡༥ ཟླ་ ༡༠ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༤ དང་ཚེས་ ༢༥ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀོ་ལོ་རེ་ཌོའི་ནང་རྟེན་གཞི་བྱས་པའི་ན་རོ་པ་ཀོ་ལོ་རེ་ཌོ་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པ་དང་ཀོ་ལོ་རེ་ཌོ་བོད་རིགས་མཐུན་ཚོགས་གཉིས་ཟུང་འབྲེལ་ཐོག་འགྲེམས་སྟོན་གནང་འདུག ཐེངས་འདིའི་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ཁག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། གཞན་ཡང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་།
དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད། ད་བར་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་ཀྱི་གཟེངས་རྟགས་ཧ་ཅང་མང་པོ་འབུལ་བཞེས་མཛད་ཡོད་སྐོར། བཀའ་སློབ་ཁག་གཅིག བོད་ཀྱི་ལོ་རྒྱུས། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག བཅས་ཡིན་པ་མ་ཟད། ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང། བོད་ཀྱི་ཁོར་ཡུག་གཏོར་བཤིག བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་བསུན་གཙེར་བཟོས་པ་སོགས་རྒྱུ་རྐྱེན་དེ་དག་ལ་བརྟེན།
དེང་སྐབས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་དང་། དེ་བཞིན་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཡིན་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཚན་པའི་སྐོར་དང་། ཐེངས་འདིའི་པར་རིགས་འགྲེམས་སྟོན་སྐོར་བསྐྱོད་ལས་གཞི་ངོ་སྤྲོད་གནང་འདུག དེ་ཡང་ཉིན་གཉིས་རིང་གི་འགྲེམས་སྟོན་དེའི་ནང་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་སོགས་དང་དངོས་བྱུང་གློག་བརྙན་ཁག་ཀྱང་བསྟན་ཡོད། འགྲེམས་སྟོན་སྐབས་བོད་མིས་གཙོས་ཕྱི་རྒྱལ་སློབ་གཉེར་ཁང་གི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༠༠ ཙམ་གྱིས་དོ་སྣང་དང་དགའ་མོས་ཧ་ཅང་ཆེན་པོ་གཟིགས་འདུག སྤྱིར་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཀྱིས་གཙོས་བོད་ཀྱི་རིག་གཞུང་དང་། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་རྒྱལ་སྤྱིའི་མང་ཚོགས་ལ་ངོ་སྤྲོད་བྱ་རྒྱུ་དང་། བོད་མིའི་དངོས་ཡོད་དཀའ་ངལ་རྣམས་དྲིལ་བསྒྲགས་གང་ལེགས་ཡོང་སླད་ཡིན་འདུག གཞན་ཡང་སྐབས་དེར་ཀོ་ལོ་རེ་ཌོ་བོད་རིགས་མཐུན་ཚོགས་ཀྱིས་རྨི་ལམ་གྱི་ལས་འཆར། ཞེས་ལས་འཆར་དེའི་ཆེད་མ་དངུལ་བསྡུ་རུབ་ཞིག་ཀྱང་གནང་འདུག ལས་འཆར་དེར་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་གོང་མཐོར་སྤེལ་ཆེད་བཙུགས་ནས་ཁུལ་དེའི་ནང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དང་། འགྲོ་བ་མི་རིགས་ཡོངས་རྫོགས་ཞི་བདེ་དང་བྱམས་བརྩེ། བཟོད་སྒོམ། མཐུན་སྒྲིལ་བཅས་ཉམས་ལེན་གྱིས་སྤྱི་ཚོགས་ཞི་བདེ་བག་ཕེབས་ལྡན་པ་ཞིག་བསྐྲུན་ཆེད་དང་ཁུལ་དེར་གནས་སྡོད་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལ་དམིགས་ནས་ཟབ་སྦྱོང་དང་ཚོགས་འདུ་སོགས་ཀྱང་གོ་སྒྲིག་གནང་བཞིན་ཡོད་འདུག ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བྱང་ཕྱོགས་ཀེ་ལ་ཕོ་ནི་ཡའི་མངའ་སྡེའི་སེན་ཕེ་རན་སི་སི་ཁོའི་ནང་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས། །