༢༠༡༥ ཟླ་ ༡༠ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དང་གྲོང་ཁྱེར་མེ་སོར་བཅས་ཀྱི་ནང་འབྲེལ་ཡོད་མངའ་སྡེ་གཞུང་གི་ལས་བྱེད་རྣམས་དང་མཇལ་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལམ་སྟོན་ཐོག་གོ་བསྡུར་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གོང་ཚེས་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་མངའ་སྡེ་གཞུང་གི་དྲུང་ཆེ་སྐུ་ཞབས་ཀོ་ཤིག་མུ་ཁར་ཇི་ Shri. Kaushik Mukherjee ལགས་སོགས་དང་མཇལ་འཕྲད་གནང་ནས་མངའ་སྡེའི་རྒྱལ་སའི་ནང་རིང་མིན་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ལག་ཤེས་ཀྱི་དངོས་ཟོག་ཚོང་རྒྱུའི་འགྲེམས་སྟོན་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་སྐབས། བོད་མིའི་ལག་ཤེས་ཚོང་ཟོག་རྣམས་ཚོང་ཆེད་ཁྲོམས་རྭ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད།
མངའ་གཞུང་གི་ཟ་འབྲུ་མཁོ་གཏོང་ལས་ཁུངས་ཀྱི་དྲུང་ཆེ་དང་མཇལ་འཕྲད་ཞུས་ནས་ས་གནས་བོད་རིགས་རྣམས་ལ་ས་གནས་ཡུལ་མི་དང་ཐོབ་ཐང་འདྲ་མཚུངས་སུ་ཟ་འབྲུའི་ཐོབ་ཐང་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བར་འབྲེལ་ཡོད་ནས་གང་མགྱོགས་དགོངས་བཞེས་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
གཞན་ཡང་བཀའ་བློན་མཆོག་གིས་མངའ་སྡེའི་ཁྲལ་བསྡུ་ལས་ཁུངས་སུ་ཕེབས་ནས་དྲུང་ཆེ་སྐུ་ཞབས་བྷ་ས་ཝ་རཱ་ཇུ་ Dr. Basavaraju ལགས་དང་མཇལ་འཕྲད་ཀྱིས་ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དེ་སྔ་མངའ་གཞུང་གིས་བོགས་གཏོང་གནང་བའི་ས་ཁང་ས་ཞིང་དེ་དག་ས་ཐོབ་ལག་འཛིན་བཟོ་གནང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། འབྲེལ་ཡོད་ལས་ཁུངས་ནས་མེ་སོར་དང་ཀར་ཝར། ཅམ་རཱཇ་ན་གར་བཅས་བོད་མི་གནས་སྡོད་ཀྱི་རྫོང་དཔོན་སོ་སོར་བཀོད་མངགས་བཏང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་ས་ཐོབ་ལག་འཛིན་བཟོ་དགོས་པའི་བཀོད་མངགས་གནང་བར་ནང་སྲིད་བཀའ་བློན་མཆོག་ནས་བཀའ་དྲིན་ཆེ་ཞུས།
ཕྱི་ཚེས་ ༣ ཉིན་ནང་སྲིད་བཀའ་བློན་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་གྲོས་ཚོགས་སུ་ཕེབས་ནས་ཞུགས་མོལ་ཚོགས་འདུའི་དབུ་བཞུགས་གནང་བ་མ་ཟད། གཞིས་ཆགས་ཀྱི་རྒན་གསོ་ཁང་དང་ཕྱུག་གསོ་ཁང་། དེ་བཞིན་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་ལ་གཟིགས་ཞིབ་དང་། སྐྱེ་ལྡན་སོ་ནམ་ལས་གཞིའི་འོག་ཨམ་མྲའི་ཤིང་འབྲས་ལ་གཟིགས་ཞིབ་གནང་བ་མ་ཟད། འདི་ལོར་མོན་གྷོ་བོད་མི་ཚོའི་འབྲས་ཀྱི་སྟོན་ཐོག་ལ་ལོ་ཉེས་བྱུང་བ་རྣམས་ལའང་གཟིགས་ཞིབ་གནང་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ཌེ་ཤི་པན་ཌེ་ Shri. R.V. Deshpande མཆོག་དང་མོན་གྷོ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་(MLA) སྐུ་ཞབས་ཧེ་བྷར་མཆོག་བཅས་དང་ལྷན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་ལམ་གསར་བཟོའི་ལས་གཞི་དབུ་འབྱེད་གནང་འདུག དེ་ཡང་གཞུང་ལམ་གསར་བཟོའི་ལས་གཞི་དེར་འགྲོ་གྲོན་ཧིན་སྒོར་འབུམ་ ༣༠༠ ཡིན་པ་དང་།
རོགས་དངུལ་དེ་དག་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ཁོར་ཡུག་བཟང་དུ་གཏོང་ཆེད་དམིགས་པ་ཞིག་ཡིན་འདུག
ཐེངས་འདིར་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་མོན་གྷོ་གཞིས་ཆགས་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ཁོར་ཡུག་སྐྲུན་ཆེད་མགྲོན་ཁང་ Yatri Nivas གསར་རྒྱག་ཆེད་ཧིན་སྒོར་འབུམ་ ༧༥ གསོལ་རས་གནང་ཡོད།
མོན་གྷོ་གཞིས་ཆགས་ཀྱི་གཞུང་ལམ་ཙམ་མ་ཟད་གྲོང་སྡེ་ནང་ཁུལ་གྱི་ལམ་རྒྱག་ཆེད་ཧིན་སྒོར་འབུམ་ ༣༧༠ དང་གཞིས་ཆགས་ཀྱི་འཐུང་ཆུའི་མཐུན་རྐྱེན་ཆེད་ཧིན་སྒོར་འབུམ་ ༡༢༠ གནང་རྒྱུ་དང་།
གློག་རིན་དེ་དག་གྲོང་ཁྱེར་གྱི་རིན་གོང་ནས་གྲོང་གསེབ་ཀྱི་རིན་གོང་དུ་མར་ཕབ་རྒྱུའི་འཆར་གཞི་ཡོད་པ་རྣམས་གང་མགྱོགས་མཇུག་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་ཆབས་གཅིག་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ནང་སྲིད་བཀའ་བློན་མཆོག་གོ་བ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་འདུག
དེ་ཡང་བཀའ་བློན་མཆོག་མོན་གྷོ་གཞིས་ཆགས་ནས་ཕེབས་ཐོན་མ་གནང་གོང་ས་གནས་དེར་རྟེན་གཞི་བྱས་པའི་ཧིན་དུ་དང་ཁ་ཆེའི་ལྷ་ཁང་སོགས་སུ་ཕེབས་འདུག ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་ལྷོ་སྤྱི་ཀརྨ་དགྲ་འདུལ་ལགས་སོགས་ལྷན་བཅར་ཞུས་འདུག