ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་རྒྱ་གར་དབུས་གཞུང་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་རོགས་དངུལ་ཧིན་སྒོར་ས་ཡ་བཞི་བཅུ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
དེ་ཡང་ཉེ་ཆར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས་ཕྱི་རྒྱལ་སྡེ་ཚན་ནས་ཕྱི་ལོ་ ༢༠༡༥།༢༠༡༦ ནས་ཕྱི་ལོ་ ༢༠༡༩།༢༠༢༠ བར་ལོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ས་ཡ་ ༤༠༠ གནང་རྒྱུ་ཡིན་སྟབས། ཁྱོན་ལོ་རེར་ས་ཡ་ ༨༠ རོགས་དངུལ་གནང་རྒྱུ་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༡༥།༢༠༡༦ ལོའི་རོགས་དངུལ་དེ་བཞིན་ཉེ་ཆར་འབྱོར་སོན་བྱུང་ཡོད།
དབུས་བོད་མིའི་ངལ་སེལ་ཚོགས་པས་རོགས་དངུལ་དེ་དག་འཆར་གཞི་གཞིར་བཟུང་གཏོང་རྒྱུ་ལས་དེ་མིན་ལས་དོན་གཞན་གྱི་ཆེད་གཏོང་རྒྱུ་མིན་པ་རྒྱ་གར་གཞུང་ལ་ཁས་ལེན་གནང་ཡོད་པ་བཅས། །