༢༠༡༥ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ཡོད་པའི་རང་དབང་ཐང་ཆེན་ Liberty Square གྱི་རྒྱལ་སྒོའི་མདུན་བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་པར་རིགས་འགྲེམས་སྟོན་དབུ་འཛུགས་གནང་འདུག
འགྲེམས་སྟོན་སྐབས་དང་བསྟུན་ཕྱི་ཚེས་ ༢༩ ཉིན་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་དང༌། གངས་ལྗོངས་དཔེ་སྐྲུན་ཁང་གྱི་འགན་འཛིན་ལྕམ་སྐུ་ལའི་ཡུ་ལིང་གཉིས་ཀྱིས་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འདོན་སྤེལ་ཞུས་པའི་དེབ་ཕྲེང་ ༢༡ པ་བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཤིག་ཀྱང་དབུ་འབྱེད་གནང་འདུག དུས་ལོག་པའི་སྐབས་བཙན་བྱོལ་བོད་མིའི་ངག་རྒྱུན་ལོ་རྒྱུས། ཞེས་པའི་དེབ་དེ་ནི་ཨི་སི་རེལ་ Israel ནང་བཅའ་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་སྐུ་ཐང་ཏང་ཧོང་དང༌། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཟུར་པ་སངས་རྒྱས་སྐྱབས་ལགས་གཉིས་ཀྱིས་བརྩམས་པ་ཞིག་ཡིན་འདུག་པ་དང༌། དེབ་དེའི་ནང་དོན་གཙོ་བོ་བཙན་བྱོལ་བོད་མི་རྒན་རབས་པ་ཁག ༡༡ ཙམ་ལ་བོད་སྐོར་བཅར་འདྲི་བྱས་པའི་ལོ་རྒྱུས་དང་ཉམས་མྱོང་ཟིན་ཐོར་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག
རང་དབང་ཆེད་རང་དབང་ཤོར་བའི་མི། བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་དམིགས་བསལ་འགྲེམས་སྟོན་ཞེས་པའི་འགྲེམས་སྟོན་འདིའི་ནང་ཆབ་སྲིད་བཙོན་པ་ ༢༠ ལྷག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་བྱས་འདུག། དེའི་ཁོངས་དམིགས་བསལ་སྡེ་ཚན་གཉིས་ཡོད་པ་ནས་དང་པོ་དེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ཞིབ་རྒྱས་དང༌། གཉིས་པ་དེ་བོད་ཀྱི་གཞས་པ་བཙོན་འཇུག་བྱས་ཡོད་པ་ཁག་གཅིག་གི་ལོ་རྒྱུས་དང༌། ཁོང་ཚོའི་གླུ་དབྱངས་བརྙན་པར་ནང་གསལ་བའི་གཞས་ཚིག་དེ་དག་རྒྱ་ཡིག་ཐོག་ཕབ་བསྒྱུར་གྱིས་དགོང་མོར་བོད་ཀྱི་དངོས་བྱུང་གློག་བརྙན་རྣམས་མི་མང་ལ་གཟིགས་འབུལ་ཞུ་གི་ཡོད་འདུག བདུན་ཕྲག་གཅིག་གི་འགྲེམས་སྟོན་ལས་རིམ་དེ་ཕྱི་ཚེས་ ༣༡ རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་གྱི་ཡོད་འདུག་པ་དང༌། འགྲེམས་སྟོན་གོ་སྒྲིག་ཞུ་ཡུལ་རང་དབང་ཐང་ཆེན་ཞེས་པའི་ས་ཆ་དེ་ནི་ཐེ་ཝན་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་གཙོ་བོ་ཞིག་ཡིན་པ་མ་ཟད། ཉིན་རེར་ཐེ་ཝན་ནང་རྒྱ་ནག་ཡུལ་སྐོར་སྤྲོ་འཆམ་སུམ་སྟོང་ལྷག་ཡོང་བཞིན་ཡོད་པ་ཁོང་ཚོའང་ས་ཆ་དེར་ཡོང་གི་ཡོད།འགྲེམས་སྟོན་ལས་རིམ་དེ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཐེ་ཝན་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག །