༢༠༡༥ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ Paris ནང་རྒྱལ་ཁབ་ ༡༩༤ ཀྱི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་གནད་ཡོད་མི་སྣ་ ༤༠༠༠༠ ལྷག་ལྷན་འཛོམས་ཐོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ COP21 ཞེས་པ་དེ་འཚོགས་རྒྱུ་ཡིན་པ་དང་།
སྐབས་དེར་གོ་ལའི་ཚ་དྲོད་རྒྱས་བཞིན་པ་སོགས་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་རྣམས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་དེ་དག་མཚམས་འཇོག་སླད་དོམ་དམ་གྱི་ཁྲིམས་སྒྲིག་ནུས་པ་ལྡན་པ་ཞིག་གཏན་འབེབས་ལག་བསྟར་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་འདུག གོ་སྐབས་དམ་འཛིན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་གོ་ལའི་ལྷན་ཚོགས་སྐབས་འཛམ་གླིང་ཡངས་ཐོག་ཏུ་གྲགས་པ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པར་བརྟེན། གནད་དོན་དེའི་ཐོག་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་འདུག
མཐོ་སྒང་བོད་ནི་འཛམ་གླིང་ནང་འཁྱགས་རོམ་མང་ཤོས་གསུམ་པ་དང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡོད་པ་མ་ཟད། ཨེ་ཤི་ཡའི་གླིང་ཆེན་གྱི་རྒྱུག་ཆུ་ཆེ་ཤོས་དྲུག་གི་ཆུ་སྒོ་ཆགས་ཡོད། དེང་སྐབས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཤུགས་རྐྱེན་དེས་བོད་ཀྱི་གནམ་གཤིས་ལ་ལྡབ་གསུམ་གྱི་གནོད་སྐྱོན་ཆེ་བ་ཡོང་བཞིན་ཡོད་སྟབས། མཐོ་སྒང་བོད་ཀྱི་འཁྱགས་རོམ་མྱུར་ཚད་ཆེན་པོའི་ཐོག་བྲི་བ་དང་། གཏན་འཇགས་འཁྱགས་རོམ་ཉམས་ཆག དེ་བཞིན་རྩ་ཐང་རྣམས་རིམ་བཞིན་བྱེ་སར་གྱུར་བ་སོགས་ཡོང་བཞིན་ཡོད། ཉེ་ལམ་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་དུ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དོ་ཕོག་བྱུང་བ་དེས་རྒྱ་གར་གྱི་ཆར་དུས་ཤུགས་ཚད་དང་ཆར་དུས་རིང་ཐུང་། དེ་བཞིན་ཆར་ཞོད་ཆེ་ཆུང་སོགས་ལ་ཤུགས་རྐྱེན་འཐེབ་བཞིན་ཡོད་པ་མ་ཟད། ཡུ་རོབ་དང་བྱང་ཤར་ཨེ་ཤི་ཡའི་ནང་གནམ་གཤིས་དྲོད་ཚད་ཆེ་རུ་འགྲོ་བཞིན་པ་དེ་ཡང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འབྱུང་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད། དེར་བརྟེན་རིང་མིན་རྒྱལ་ས་པེ་རི་སིའི་ནང་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་དབུ་ཁྲིད་རྣམས་པ་འདུ་འཛོམས་སྐབས་བོད་ཀྱི་གནམ་གཤིས་འདི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གལ་གནད་ཆེན་པོ་ཡིན་པར་ངོས་འཛིན་ཐོག ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོར་བསྣམས་ནས་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་རོགས་ཞེས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་དེ་གོང་ཚེས་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྤེལ་རྒྱུ་ཡིན་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གི་སྩལ་བའི་གསུང་འཕྲིན་ཞིག་བརྙན་འཕྲིན་ལམ་ནས་བསྟན་རྒྱུ་ཡིན་འདུག