༢༠༡༥ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་ Tamil Nadu མངའ་སྡེའི་གྲོང་ཁྱེར་ཅིན་ན་ཡེ་ Chennai ནང་རྟེན་གཞི་བྱས་པའི་ཚོང་ལས་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་ Dr. A P J Abdul Kalam མཆོག་གི་མཚན་ཐོག་གི་རྗེས་དྲན་གཟེངས་རྟགས་གསོལ་སྩལ་མཛད་རྒྱུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་རྒྱུ་མ་ཟད། རྒྱ་གར་སྤྱི་ཚོགས་ཞབས་ཞུ་བ་ཁག་གཅིག་ལ་ཐེངས་འདིའི་ Abdul Kalam Seva Ratna ཞེས་པའི་གཟེངས་རྟགས་གསོལ་སྩལ་མཛད་རྒྱུ་ཡིན་འདུག
སྲིད་འཛིན་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་ལོ་འདིར་སྐུ་གཤེགས་པར་བརྟེན་ཁོང་ལ་རྗེས་དྲན་ཞུ་ཆེད་ཡིན་འདུག དེ་ཡང་སྲིད་འཛིན་དམ་པ་ཁོང་གི་སློབ་སྟོན་པ་སྐུ་ཞབས་ཝི་པོ་ནར་ཇི་ V.Ponarj ལགས་ཀྱིས་བརྒྱུད་ལམ་ཁག་ལ་གསུང་གསལ་ལྟར་ན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨབ་དུལ་ཀ་ལམ་མཆོག་རྣམ་གཉིས་ནི། འཛམ་གླིང་བདེ་སྐྱིད་དང་ཞི་བདེ་བག་ཕེབས་ཞིག་བསྐྲུན་རྒྱུའི་དགོངས་བཞེད་མཐུན་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ཀྱིས་གཞོན་སྐྱེས་མི་རབས་གསར་པ་ཚོར་སྤྱི་ཚོགས་བཟང་དུ་གཏོང་རྒྱུའི་ཐད་ལམ་སྟོན་མཛད་མཁན་ཡིན་པ་མཚུངས་པར་བརྟེན། ཐེངས་འདིར་སྙན་གྲགས་ཆེ་བའི་སྲིད་འཛིན་དམ་པའི་མཚན་ཐོགས་ཀྱི་གཟེངས་རྟགས་ཐོག་མ་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་གསོལ་སྩལ་མཛད་སླད་འདིར་ཁོང་ཆེད་དུ་གདན་ཞུ་ཕུལ་བ་ཡིན། ཞེས་གསུངས་འདུག
རྩ་བའི་ཐེངས་འདིའི་ཨབ་དུལ་ཀ་ལམ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ Abdul Kalam Seva Ratna Award ཞེས་པ་དེ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གིས་རྒྱ་གར་གྱི་སྤྱི་ཚོགས་འབྱུང་འགྱུར་ཡར་རྒྱས་གཏོང་རྒྱུའི་འཆར་སྣང་ལག་བསྟར་ལས་འགུལ་ཚོགས་ཆུང་། ཞིག་ཡོད་པ་དེས་ཤིང་སྣ་འདེབས་འཛུགས་དང། རྒྱུག་ཆུ་བསྐྱར་གསོ། འཐུང་ཆུའི་མཐུན་རྐྱེན། སྨྱོ་རྫས་ངན་གོམས་སྔོན་འགོག གྲོང་ཁྱེར་དང་གྲོང་གསེབ་ནང་ཤིང་སྣ་འདེབས་འཛུགས་ཀྱི་ལས་འཆར་ཐོག ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སོགས་ཀྱིས་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་རྣམས་ལ་ངོས་འཛིན་དང་ཆེད་མཐོང་ཞུ་ཆེད་འབུལ་རྒྱུ་ཡིན་འདུག
ཐེངས་འདིར་རྒྱ་གར་རྒྱལ་ཡོངས་ནས་མི་སྒེར་པ་དང་ཚོགས་སྐྱིད་ཁག་འདྲ་མིན་སོགས་ནས་ཁྱོན་གཟེངས་རྟགས་བཞེས་མཁན་མིང་ཐོ་འགོད་ཟིན་པ་འབུམ་ ༡༠ ལྷག་ཡོད་འདུག
སྤྱིར་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་སྒྱུར་གྱིས། ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་སྲིད་འཛིན་ཞིང་གཤེགས་དམ་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་གི་མཚན་གནས་རྗེས་དྲན་ཆེད་གཟེངས་རྟགས་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང། ཕྱི་ཚེས་ ༡༠ ཉིན་ཅེན་ནའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ IIT འཕྲུལ་རིག་ལྟེ་གནས་ཁང་དུ་ཆིབས་སྒྱུར་གྱིས་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་ལམ་སྟོན་སྩལ་གྲུབ་བསྟུན། ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇེ་ཨེན་ཡུ་ JNU གཙུག་ལག་སློབ་གྲྭ་ཆེན་མོར་ནང་ཆོས་དང་ཚན་རིག་གི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ། ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་པན་ཇབ་ Punjab མངའ་སྡེའི་གྲོང་ཁྱེར་ཕག་ཝ་ར་ Phagwara ནང་རྟེན་གཞི་བྱས་པའི་ lovely Professional University གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་གང་ཉིད་མཆོག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་མ་ཟད། གཙུག་ལག་སློབ་གྲྭ་ཆེན་མོས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་མཁས་པའི་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་མཛད་རྒྱུ་ཡིན་འདུག