༢༠༡༥ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་ཆེན་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོའི་སློབ་གྲྭ་ཆུང་ཆུང་ཞིག་འདིར་ཚུགས་ནས་དཔེ་སྟོན་སློབ་གྲྭ་ཞེས་འབོད་བཞིན་པ་འདིས་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཏེ་བློ་གཟུ་བོར་གནས་པའི་མི་ཚོས་བསྟོད་བསྔགས་བྱ་ཡུལ་ཞིག་དང་། ཡིད་དབང་འཕྲོག་རྒྱུ་ཞིག་བྱུང་ཡོད། ཧ་ཅང་ཡག་པོ་བྱུང་འདུག ཉིན་ནས་ཉིན་དང་ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་ནས་དཀའ་ལས་རྒྱག་མཁན་དགེ་རྒན་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་འདིར་མཐུན་འགྱུར་རོགས་རམ་གནང་མཁན། དེ་བཞིན་བཀའ་ཤག་གི་ཐོག་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བཞིན་པས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དཔེ་སྟོན་སློབ་གྲྭ་ཐོག་མར་འགོ་འཛུགས་སྐབས་ནས་བཟུང་འགན་འཁུར་རྐང་བཞེས་གནང་མཁན་ཟམ་གདོང་རིན་པོ་ཆེ་རེད། ངོས་རང་ནང་བཞིན་རིན་པོ་ཆེ་ཡང་རྒས་ཤིང་འཁོགས་པ་ཆགས་ཡོང་གི་ཡོད། འོན་ཀྱང་བོད་བསྟན་པ་དང་བོད་མིའི་ཤེས་ཡོན་དང་བཅས་པ་དེའི་ཐོག་སོ་སོའི་མི་ཚེ་ཧྲིལ་པོ་བཏང་པའི་བཟོ་འདྲ་པོ་ཞིག་རེད། རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ངོས་རང་ཉེ་ཆར་ཀུམྦྷ་མེ་ལར་ཕྱིན་པའི་སྐབས་སུ་རིན་པོ་ཆེ་ལེགས་སྦྱར་སྐད་ཀྱི་སྐད་བསྒྱུར་ཆེད་ཕེབས་ཤོག་ཟེར་ནས་རིན་པོ་ཆེ་མཉམ་དུ་ཡོད།
ཀུམྦྷ་མེ་ལ་ནས་རིན་པོ་ཆེ་ལ་བྱིན་རླབས་ཐོབ་པ་དེ་རྐང་པ་ཏོག་ཙམ་སྐྱོན་ཤོར་བ་རེད། དྲང་སྲོང་རྒས་དང་མི་རྒས་དྲང་སྲོང་མགོ་ལ་གཟིགས་དང་། ཞེས་བཤད་སྲོལ་ཡོད་པ་བཞིན་དབུ་དཀར་པོ་དཀར་རྐྱང་ཆགས་ཡོད། འོན་ཀྱང་དེ་རིང་དབུ་སྐྲ་བཞར་བ་ཡིན་སྟབས་དཀར་པོ་དེ་མངོན་གསལ་དོད་པོ་རང་མི་འདུག སྐྲ་ལོ་དུང་ལྟར་དཀར་པོ་ཆགས་ཏེ་འཁར་རྒྱུག་འཁྱེར་ནས་འགྲོ་དགོས་རྒྱུ་ཆགས་ཡོད་ཀྱང་ད་བར་ཧུར་ཐག་འབད་ཐག་བྱས་པ་རེད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
ངོས་ཀྱིས་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག སྤྱི་ཡོངས་ཐོག་ནས་ངོས་ཀྱིས་མཐོང་ཚུལ་དང་དངོས་སུ་ཉམས་མྱོང་བྱུང་བ་དེ་དག་ཞུ་པ་ཡིན་ན། སྤྱིར་འགྲོ་བ་མི་ལ་རང་ཆས་སུ་ཀླད་པའི་ནུས་པ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཆགས་ནས་དེ་འདྲའི་ཐོག་ནས་འགྲོ་བ་མིའི་རིགས་ཀྱིས་ཐོག་མ་ཉིད་ལ་སྐད་དེ་བྱུང་བ་རེད། སྐད་ཡོད་པར་བརྟེན་རིམ་པས་ཡི་གེ་བྱུང་བ་རེད། དེ་ཡང་གནས་དང་དུས་སོ་སོར་སྐད་མི་འདྲ་བ་ཡོད་པ་བཞིན་ཡི་གེ་ཡང་མི་འདྲ་བ་ཆགས་ཏེ། དེའི་ནང་ཚན་ནས་ཕལ་ཆེར་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་གང་ལྟར་ཤེས་ཡོན་ལྟ་གྲུབ་སྨྲ་བ་དེ་འདྲ་མང་ཤོས་ཤིག་རྒྱ་གར་ནས་བྱུང་བའི་བཟོ་འདྲ་བོ་ཞིག་འདུག རྩ་བའི་ཨི་ཇིབ་དང་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན་ (Egypt and Chinese Civilization) ཧ་ཅང་ཡག་པོ་ཡོད། དེ་དང་དེའི་མཚོན་པའི་ཨ་རབ་སོགས་ལ་དེ་ལྟ་བུའི་ཡར་རྒྱས་དང་། མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འབྲེལ་ནས་འཕེལ་རྒྱས་འགྲོ་རྒྱུ་ཤུགས་ཆེན་པོ་བྱུང་ཡོད། དེའི་ནང་ནས་ཕལ་ཆེར་ལྟ་གྲུབ་སྐོར་བསམ་བློ་ཧ་ཅང་བཏང་ནས་དེ་འདྲའི་ཐོག་ནས་ཤེས་ཡོན་ཡོད་པ་ཕལ་ཆེར་རྒྱ་གར་གཙོ་བོ་མིན་འགྲོ་བསམ་གྱི་འདུག
དེར་བརྟེན་ང་ཚོའི་ཁྱིམ་མཚེས་རྒྱ་གར་དང་བོད་པ་དམིགས་བསལ་འབྲེལ་བ་བྱུང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་གཉེན་སྒྲིག་རྒྱ་ནག་གོང་མ་ཚོ་དང་ཤུགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཡི་གེ་དེ་རྒྱ་གར་གྱི་ཡི་གེ་དང་འབྲེལ་བ་ཤུགས་ཆེན་པོ་གནང་ཡོད། སྲོང་བཙན་སྒམ་པོའི་གོང་ནས་ང་རང་ཚོའི་ཞང་ཞུང་གི་སྨར་ཡིག་ཡོད་པ་ཡིན་ན་རེད། མེད་པ་ཡིན་ནའང་རེད། གང་ལྟར་གང་ཡིན་ན་མིན་ན་ཕྱིས་སུ་ཐུ་མིས་བོད་ཡིག་ཡར་རྒྱས་བཏང་བ་ཡིན་ནའང་རེད། གསར་དུ་དབུ་བརྙེས་པ་ཡིན་ནའང་འདྲ། གང་ལྟར་རྒྱ་གར་ཡི་གེ་དང་ཐག་ཉེ་པོ་ཆགས་པ་དེ་འདྲ་འདུག གཙོ་ཆེ་ཤོས་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་གཙོ་བོ་མཁན་ཆེན་ཞི་བ་འཚོས་ཐུགས་འཁུར་སྐྱེ་ནས་བོད་ཡིག་ཡར་རྒྱས་གཏོང་རྒྱུ་ཕལ་ཆེར་རྒྱ་གར་ནས་ཚུར་ལེགས་སྦྱར་ནང་ཡོད་པའི་གཞུང་མང་པོ་ཞིག་བོད་ཡིག་ནང་བསྒྱུར་རྒྱུ་གནང་ཡོད། མ་གཞི་པཱ་ལིའི་གཞུང་ནང་ཡོད་པ་དེ་འདྲ་ཕལ་ཆེར་བསྒྱུར་ཡོད་ས་རེད།
དེ་བཞིན་རྒྱ་ནག་ནས་རྒྱ་ཡིག་ནང་ཡོད་པ་དེ་འདྲ་ཁ་ཤས་བསྒྱུར་ཡོད་ཀྱང་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་སྟབས། མང་ཆེ་བ་ལེགས་སྦྱར་སྐད་ཐོག་ནས་ཚུར་ཡོང་བ་ཆགས་ཡོད། ལེགས་སྦྱར་སྐད་དེ་ཧ་ཅང་ཕྱུག་པོ་དང་ཡག་པོ་འདུག དེ་ལ་བརྟེན་ནས་ཚུར་བསྒྱུར་དུས་ང་རང་ཚོའི་བོད་ཡིག་དེ་གཞན་དང་མི་འདྲ་བ་ལྟ་གྲུབ་སྐོར་བཤད་དགོས་བྱུང་ན། དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་སྤྱིར་སེམས་ཁམས་རིག་པ་དང་། དེ་དང་འབྲེལ་བའི་ལྟ་གྲུབ་དང་དེ་འདྲའི་སྐོར་འགྲེལ་བཤད་རྒྱག་དགོས་བྱུང་ན། བོད་ཡིག་དེ་བཟང་ཤོས་ཆགས་འདུག རྩ་བའི་ནང་པའི་ཡུལ་གྲུ་འཛམ་གླིང་འདིའི་སྟེང་མང་པོ་ཡོད་ཀྱང་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་གཞུང་རླིང་པོ་དེ་ཚོ་བརྗོད་ཚིག་ཆ་ཚང་ཞིག་བོད་སྐད་ཐོག་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་པ་བཞིན་རྒྱ་ཡིག་ནང་མི་འདུག ལེགས་སྦྱར་ནང་རྦད་དེ་ཉམས་རྒུད་རེད། མཁས་དབང་ཁ་ཤས་ཀྱི་བེད་སྤྱོད་བྱེད་རྒྱུ་ལས་གང་ཡང་མི་འདུག ཧིན་དི་ནི་རྒྱ་གར་གྱི་སྐད་གསར་པ་ལྟ་བུ་ཟེར་དགོས་སམ་དེ་ལྟར་ཆགས་ཡོད། ལེགས་སྦྱར་ནང་བཞིན་འགྲོ་ཐུབ་ཐབས་ཕལ་ཆེར་མེད། དེར་བརྟེན་བོད་ཡིག་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུ་ལྟ་བུ་རེད་འདུག ད་ང་ལོ་བརྒྱད་ཅུ་བསླེབས་ཡོད། འདས་པའོ་ལོ་ལྔ་བཅུ་ལྔ་དྲུག་ལྷག་རིང་བཙན་བྱོལ་དུ་བསྡད་པ་རེད། དེའི་རིང་མི་སྣ་འདྲ་མིན་མང་པོ་ཐུག་རྒྱུ་དང་། གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་སོགས་གོ་སྐབས་བཟང་པོ་མང་པོ་བྱུང་བའི་ཉམས་མྱོང་བསྡོམས་ཡོང་སྐབས་བོད་ཡིག་དང་བོད་སྐད་དེ་གཞན་དང་མི་འདྲ་བ་སྤུས་དག་པོ་ཡོད་པ། འཛམ་བུ་གླིང་གི་བརྗོད་གཞི་གསར་པ་ཚན་རིག་དང་། དཔལ་འབྱོར། ཆབ་སྲིད། ཁྲིམས་དེ་ཚོའི་གྲས་དེ་བོད་ཡིག་ཐོག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་བྱུང་མེད། སྤྱིར་བཏང་ཡར་རྒྱས་ཕྱིན་མེད། དེ་མིན་རྒྱ་གར་གྱི་རིག་གཞུང་སྤྱི་དང་། ལྷག་པར་དཔལ་ན་ལེནྡྲའི་མཁས་པའི་དབང་པོ་ཚོ་རྣམ་དཔྱོད་ལྡན་པའི་ལྟ་གྲུབ་རླིང་པོ་ཡོད་པ་དེ་དག་ཕལ་ཆེར་བོད་ཡིག་སྤོབས་པ་བྱས་ཆོག་པ་ཞིག་དང་། ངོམ་ཆོག་པ་ཞིག་ཕལ་ཆེར་ཆགས་ཡོད།
དེ་རིང་ཁ་སང་ཚན་རིག་པར་ཆ་བཞག་ན། ཚན་རིག་དང་མཉམ་དུ་དཔུང་པ་གཤིབ་ནས་འགྲོ་ཐུབ་རྒྱུའི་བཟོ་འདྲ་པོ་ཞིག་ཆགས་ཀྱི་འདུག འདས་པའི་ལོ་སུམ་ཅུ་སོ་གྲངས་རིང་ངོས་རང་ཚན་རིག་པ་དང་མཉམ་དུ་འབྲེལ་བ་ཧ་ཅང་བྱུང་ཡོད། དེར་བརྟེན་མཐའ་མའི་ཉམས་མྱོང་བསྡོམས་ཡོང་སྐབས་ཚན་རིག་པ་དང་མཉམ་དུ་ཐུག་ནས་འབྲེལ་བ་བྱས་པ་དེ་གཉིས་ཕན་ཏེ། ང་ཚོ་ལའང་དངོས་ཁམས་རིག་པའི་སྟེང་ནས་ཚན་རིག་ཐོག་ནས་དངོས་སུ་མིག་གིས་མཐོང་ལག་གིས་ཟིན། ཐག་ཆོད་པའི་ངེས་པ་བརྙེད་པ་དེ་ཚོའི་གྲས་དེ་ང་ཚོར་ཚུར་བསླབ་རྒྱུ་མི་འདུག འདི་དངོས་ཁམས་རིག་པའི་ནང་རེད། སེམས་ཁམས་རིག་པའི་ནང་རྒྱ་གར་འཕགས་པའི་ཡུལ་གྱི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་རྒྱ་གར་རང་གི་ནང་དེ་ཙམ་བདག་པོ་རྒྱག་མི་ཐུབ་པའི་བཟོ་འདྲ་བོ་ཞིག་འདུག བོད་པས་ལོ་སྟོང་ཕྲག་ལྷག་རིང་བདག་པོ་བརྒྱབ་པར་བརྟེན་དེ་རིང་ཁ་སང་སེམས་ཁམས་རིག་པའི་སྐོར་ཐུག་ཡོང་སྐབས་བོད་པའི་ཡི་གེ་དང་། བོད་པས་སློབ་སྦྱོང་བྱས་ནས་ཤེས་ཚད་ཕྲན་བུ་ཡོད་པ་དེའི་ཚན་རིག་པ་ཚོར་ཧ་ཅང་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། བོད་གངས་ཅན་པ་ཟེར་རྒྱུ་དེ་དངོས་གནས་དྲང་གནས་སོ་སོའི་སྐད་ཡིག་ཟུར་དུ་ཡོད་པ། སྐད་ཡིག་དེའི་དོན་དག་གང་གི་ཐོག་བརྗོད་དགོས་བྱུང་ནའང་། ཡི་གེ་ཁོ་རང་གི་ཐོག་ནས་མ་འདང་བ་མེད་པའི་བཟོ་འདྲ་བོ་ཞིག་འདུག དེ་ལྟར་རེད། འདི་ལྟར་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་ས་ལྟ་བུ་གོང་དུ་བརྗོད་པ་ལྟར་རེད་འདུག
ང་ཚོ་མེས་པོ་ཚོས་དུས་ཡུན་ལོ་སྟོང་ཕྲག་ལྷག་རིང་སོ་སོའི་ཆོས་དང་། རིག་གཞུང་དེ་དག་བདག་པོ་བརྒྱབ་པ་རེད། བོད་པས་ཆབ་སྲིད་ཐོག་དོ་སྣང་སྔ་མོ་ནས་ཤུགས་ཆེན་པོས་མིག་འགྱངས་ཡངས་པོའི་ཐོག་ནས་བསམ་བློ་བཏང་ཡོད་ན། ཆབ་སྲིད་ཐོག་ནས་ཀྱང་ཚགས་ཚུད་པོ་ཡོང་དགོས་རྒྱུ་ཞིག་རེད། དེ་ལྟར་བྱུང་མེད། དེར་འཐུས་ཤོར་ཧ་ཅང་ཕྱིན་འདུག ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བཤད་ཀྱི་ཡོད། མངའ་བདག་ཁྲི་རལ་པ་ཅན་གྱི་མཇུག་ནས་མར་བོད་སིལ་བུར་ཆགས། ཆབ་སྲིད་ཀྱི་ཐོག་ང་ཚོས་ཀོ་ཐག་ཆ་ཚང་གློད་ཚར་བ་རེད། ཡིན་ནའང་བོད་མི་རིགས་ཀྱི་དུས་ད་ལྟ་བར་འབུར་དུ་གནས་ཐུབ་པ་ནི། སྐད་ཡིག་ཐོག་ནས་བཟུང་ཡོད། སྐད་ཡིག་དེ་ཡང་བཟའ་སྐད་འཐུང་སྐད་གཅིག་པུ་མ་ཡིན་པར། མཁས་པ་མགུ་བ་སྐྱེ་རྒྱུའི་བརྗོད་བྱ་བཤད་ཐུབ་རྒྱུའི་སྐད་ཡིག་ཅིག་ཆགས་ཡོད། བོད་ཀྱི་རིག་གཞུང་གིས་བོད་རིགས་གནས་རྒྱུར་ཧ་ཅང་ཕན་ཐོགས་བྱས་ཡོད།
ང་ཚོ་བཙན་བྱོལ་བ་ཆགས་ནས་རིམ་པ་དང་པོ་དེ། བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་ཉར་ཚགས་བྱེད་རྒྱུ་གལ་ཆེ་ཤོས་སུ་རྩིས་པ་རེད། འཛམ་གླིང་འདིའི་སྟེང་གྲངས་ཉུང་མི་རིགས་ཁ་ཤས་སོ་སོའི་སྐད་སོགས་མ་བརྗེད་པ་དང་མ་བརླག་པའི་དོན་དུ་ modern འཛམ་གླིང་གསར་པ་ཟེར་དགོས་སམ། འཛམ་གླིང་འཁྲུག་པོ་ཡོད་པ་འདི་དང་མ་འབྲེལ་བ་བྱས་མཁན་དེ་འདྲ་ཡོང་བཞིན་འདུག ང་ཚོས་དེ་ལྟར་བྱས་ན་ཕན་གྱི་མ་རེད། ང་ཚོས་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས་འཛིན་སྐྱོང་བྱེད་སྟངས་དེ་འཛམ་གླིང་སྤྱི་འགྲེ་སྤྱི་མཚུངས་བཞིན་མིའི་གྲས་སུ་ཚུད་པའི་ཐོག་ནས་སོ་སོའི་ཐུན་མོང་མ་ཡིན་པའི་རྣམ་པ་ཟེར་ན་མི་འདུག སོ་སོའི་མི་རིགས་ཀྱི་ཁྱད་ཆོས་དེ་དག་འཛིན་ཐུབ་པ་ཞིག་བྱེད་དགོས། དེ་ལྟར་ཡོང་བར་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། སྐུ་མདུན་སྐུ་གོང་མས་རྒྱ་དཀར་ནག་གི་ཡུལ་གྲུ་ནས་བོད་དུ་ཕྱིར་ཕེབས་པའི་རྗེས་སུ་དེང་དུས་ཀྱི་ཤེས་ཡོན་སྦྱང་རྒྱུར་ཐུགས་སྣང་གནང་འདུག འོན་ཀྱང་གྲ་སྒྲིག་པོ་དང་མཇུག་མཐུད་པ་ཞིག་བྱུང་མེད།
དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་བའི་སྐབས་ལ་ཕྱོགས་གཅིག་ནས་སོ་སོའི་ལུང་པ་དང་བྲལ་བ་རེད། སོ་སོའི་ལུང་པའི་ནང་ཆ་བཞག་ན་དཀའ་ལས་ཧ་ཅང་འཕྲད་བཞིན་ཡོད་ཀྱང་རང་དབང་ལུང་པའི་ནང་བསླེབས་པར་བརྟེན། རང་དབང་གི་གོ་སྐབས་འདི་བེད་སྤྱོད་བྱས་ནས་སྐབས་དེ་དུས་རྒྱ་གར་གཞུང་གི་འགན་གཙོ་བོ་བཞེས་མཁན་ནི་ནེ་ཧེ་རུ་རེད། བོད་པར་དམིགས་བསལ་ཤ་ཚ་དང་ཐུགས་འཁུར་ཡོད། དེ་ལྟར་བྱས་ནས་ང་ཚོས་རྒྱ་གར་ནང་དེང་དུས་ཀྱི་ཤེས་ཡོན་བསླབ་རྒྱུའི་སློབ་གྲྭ་འཛུགས་རྒྱུ་དང་། སློབ་གྲྭ་དེ་འདབ་ཆགས་ཤོག་པ་ཟུང་ལྡན་བརྗོད་པ་བཞིན། སློབ་འཁྲིད་བརྒྱུད་ལམ་ཧིན་དི་དང་དབྱིན་ཡིག་ག་རེ་དགའ་གི་རེད་ཅེས་སྐད་ཆ་བྱུང་བ་རེད།
སྐབས་དེར་འབྲེལ་ཡོད་མི་འགའ་ཤས་ཀྱིས་ཧིན་དི་སྦྱང་ན་དགའ་གི་རེད། ཅེས་དེ་འདྲ་སྐད་ཆ་བྱུང་། ངོས་ཀྱིས་ནེ་ཧེ་རུ་ལ་སློབ་འཁྲིད་བརྒྱུད་ལམ་ཆེད་སྐད་ medium of instruction ཧིན་དི་དང་དབྱིན་ཇི་གཉིས་ལས་གང་བཞག་ན་བཟང་གི་རེད་ཅེས་བཀའ་འདྲི་ཞུས་པ་ཡིན། ནེ་ཧེ་རུས་དབྱིན་ཇི་བཞག་ན་ཡག་གི་རེད། དབྱིན་ཇི་ནི་འཛམ་གླིང་རྒྱལ་སྤྱིའི་སྐད་བཟོ་འདྲ་བོ་ཆགས་ཡོད། དབྱིན་ཇིའི་སྐད་བཞག་ན་ཡག་གི་རེད་གསུངས་བྱུང་། དེའི་ཚེ་དེའི་དུས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་མཚོན་པའི་དེ་དུས་ལས་ཀ་འདྲ་བོ་ཐབས་ཤེས་ཧ་ཅང་བྱས་པ་རེད། ནེ་ཧེ་རུ་ལ་ང་ཚོས་བོད་དོན་དེ་རྒྱལ་ཚོགས་ལ་ཞུ་གི་ཡོད། རབ་བྱུང་ན་རྒྱ་གར་གཞུང་གིས་ཞུ་སྐུལ་ལམ་ཞུ་ཡིག་གནང་རོགས་གནང་། དེ་མིན་རྒྱབ་སྐྱོར་གནང་རོགས་ཞུས་པ་རེད། ནེ་ཧེ་རུས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་ན་ནུས་པ་ཧ་ཅང་ཐོན་རྒྱུ་མེད། ཕན་གྱི་མ་རེད། ཞུ་སྐུལ་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་མྱོང་། ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་དེ་ད་ལྟ་རང་གྲུབ་འབྲས་ཐོན་རྒྱུའི་རེ་བ་གང་ཡང་མེད། བོད་དོན་མ་བརླག་པ་དང་། བོད་དོན་མ་ཡལ་བའི་དོན་དུ་འཛམ་གླིང་རྒྱལ་ཚོགས་ལ་ཞུ་གི་ཡོད། ཅེས་འགྲེལ་བཤད་ཞུས་དུས་མཇུག་ཏུ་ནེ་ཧེ་རུས་ང་ཚོས་སློབ་གྲྭ་ཟུར་དུ་འཛུགས་རྒྱུའི་སློབ་འཁྲིད་བརྒྱུད་ལམ་ཆེད་སྐད་དབྱིན་ཡིག་བྱེད་རྒྱུ་དང་། བོད་ཡིག་བསླབ་རྒྱུ་བཅས་ཡིན་སྟབས། བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རོགས་གནང་ཞེས་ནེ་ཧེ་རུ་ལ་ཞུས་པ་རེད། ནེ་ཧེ་རུས་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་གནང་སྟེ། ཉིན་ཞིག་གསོལ་ཚིགས་གནང་བའི་སྐབས་སུ་རྒྱ་གར་དབུས་གཞུང་གིས་ཤེས་རིག་བཀའ་བློན་ཡང་ཡོད། དེ་ག་རང་དུ་ནེ་ཧེ་རུས་བཀའ་གནང་སོང་། ཚོགས་ཆུང་བཙུགས་པ་རེད། ཚོགས་ཆུང་གི་དབུ་ཁྲིད་མཁན་དེ་ཁྱེད་རང་གི་བྱེད་དགོས་ཀྱི་རེད། ཅེས་ནེ་ཧེ་རུས་དེ་ལྟར་ཐག་གཅོད་གནང་བ་རེད། ང་ཚོ་བོད་པའི་སློབ་གྲྭར་བོད་ཡིག་བསླབ་རྒྱུ་དང་། ང་རང་ཚོའི་གལ་གནད་རིག་གཞུང་ཞིག་ཡོད་པར་བརྟེན། དེ་དག་བསླབ་རྒྱུའི་དོན་དུ་བོད་པའི་སློབ་གྲྭ་ཟུར་དུ་དགོས་ཀྱི་ཡོད། ཅེས་ཞུས་པར་དེ་ག་རང་དུ་འགྲིག་གི་རེད་ཟེར་ནས་རྒྱབ་སྐྱོར་གནང་བ་རེད། འགྲོ་སོང་ཆ་ཚང་རྒྱ་གར་གཞུང་གི་བཏང་བ་རེད། དེ་དུས་ནས་འདབ་ཆགས་ཤོག་པ་ཟུང་ལྡན་ཟེར་རྒྱུའི་སྲིད་བྱུས་ཐོག་ནས་དེ་ལྟར་ཕྱིན་པ་རེད། འོན་ཀྱང་བར་སྐབས་མགོ་སྟོད་རེ་བ་བརྒྱབ་པ་ནང་བཞིན་མ་བྱུང་བར་འཐུས་ཤོར་ཕྱིན་པ་རེད། འདི་བཤད་ནས་དགོས་པ་གང་ཡང་མི་འདུག འདི་ལྟར་རེད།
དེང་སྐབས་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་། འཛམ་གླིང་གནས་ཚུལ་བལྟས་པའི་སྐབས་སུ་ད་ལྟ་ཡོད་དང་ཡོད་བཞིན་པའི་དེང་དུས་ཀྱི་ཤེས་ཡོན་འདི་གཅིག་པུས་བདེ་སྐྱིད་ལྡན་པའི་མིའི་སྤྱི་ཚོགས་ཤིག་བཟོ་ཐུབ་ཀྱི་མེད་པ་ཧ་ཅང་གསལ་པོ་རེད། དེ་ཡང་ཡུ་རོབ་ནང་གི་མཁས་པ་ཚོས་ངོས་འཛིན་གཅིག་པ་ཡོང་གི་འདུག ལྷག་པར་ཨ་རི་ནང་དུ་ད་ལྟ་ཡོད་དང་ཡོད་བཞིན་པའི་དེང་རབས་ཤེས་ཡོན་འདི་གཅིག་པུས་འདང་གི་མི་འདུག་ཅེས་ཨ་རིའི་ནང་གི་ཤེས་ཡོན་ཅན་དང་ཚན་རིག་པ་མང་པོས་ཤོད་ཀྱི་འདུག དེ་འདྲའི་དུས་ཚོད་གཅིག་བསླེབས་ཡོད། ང་ཚོས་མཐོང་གསལ་རེད། འཛམ་གླིང་འདིའི་སྟེང་སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན། དངོས་པོ་དང་། འཕྲུལ་ཆས་ཡར་རྒྱས། སྤྱིར་བཏང་གི་ཤེས་ཡོན་ཡར་རྒྱས་ཚད་མཐོ་བོར་བསླེབས་ཡོད། འོན་ཀྱང་མིས་བཟོས་པའི་རྙོག་གྲ་འདི་རྒྱུན་མ་ཆད་པ་ཡོང་བསྡད་རྒྱུ་ཞིག་འདུག དེ་རིང་ཁ་སང་བྱམས་པ་དང་སྙིང་རྗེའི་བསླབ་བྱ་སྟོན་མཁན་གྱི་ཆོས་དེའང་འཐེན་འཁྱེར་དང་། མི་གསོད་ཁྲག་སྦྱོར་བྱེད་རྒྱུའི་རྐྱེན་ལ་འགྲོ་བཞིན་འདུག དེར་བརྟེན་མི་སྤྱིའི་བསམ་བློའི་ནང་ཀླད་པ་ཡར་རྒྱས་ཀྱི་ཤེས་ཡོན་གཅིག་པུས་འདང་གི་མེད་པ་དེ་གསལ་པོ་ཞིག་ཆགས་འདུག དེར་བརྟེན་འདས་པའི་ལོ་བཅུ་གྲངས་ཕྱིན་པ་རེད། རྐང་ཨ་རིའི་ནང་ཚན་རིག་པ་དང་ཤེས་ཡོན་ཅན་དེ་འདྲས་དེང་དུས་ཀྱི་ཤེས་ཡོན་ནང་ཡ་རབས་སྤྱོད་བཟང་གི་སློབ་གསོ་གཏོང་རྒྱུ་ཞིག་གི་ཚང་གི་མེད་སྟབས། འདི་གཅིག་བཟོ་དགོས་ཀྱི་འདུག འདི་ཆོས་དང་འབྲེལ་ནས་བཤད་པ་ཡིན་ན། འཛམ་གླིང་འདིའི་སྟེང་ཆོས་དད་འདྲ་མིན་མང་པོ་ཞིག་ཡོད།
གཉིས་ནས་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་ཙམ་ཆོས་དད་མེད། དེར་བརྟེན་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཟེར་རྒྱུ་དེ་མི་སྤྱིའི་དོན་དག་རེད་མ་གཏོགས་མི་བྱེ་བྲག་པ་ཞིག་དང་ལུང་པ་བྱེ་བྲག་པ་ཞིག་གི་གནས་ཚུལ་མ་རེད། ཆོས་དད་ཡོད་མེད་ཀྱི་སྐད་ཆ་ཞིག་མིན་སྟབས། སྤྱི་ལ་ཁྱབ་པ་ཞིག་དགོས་ཀྱི་འདུག དེ་འདྲ་ཡིན་དུས་དབྱིན་ཇིའི་ཚིག་རྒྱ་གར་གྱི་རྩ་ཁྲིམས་ལ་ཆ་བཞག་ན་ Secular ཟེར་རྒྱུ་འདིའི་སྟེང་འགྲོ་བཞིན་ཡོད། འདིའི་ཐོག་ནས་ཡ་རབས་སྤྱོད་བཟང་གི་སློབ་གསོ་གཏོང་རྒྱུ་དང་། དེའི་རྒྱུ་མཚན་དེ། ཆོས་དང་འབྲེལ་བའི་ལུང་འདྲེན་བྱེད་རྒྱུ་མིན་པ་མིའི་རང་བཞིན་ལྷན་རྒྱས་ཀྱི་གནས་སྟངས། མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འབྲེལ་ནས་ལྷག་པར་ཚན་རིག་པས་ཞིབ་འཇུག་བྱས་ཡོང་དུས་ཇི་ཙམ་བློ་ལ་ཞི་བདེ་ཡོད་ན། དེ་ཙམ་ལུས་པོ་བདེ་བ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། སེམས་འཁྲུག་ནས་ང་རྒྱལ། ཕྲག་དོག འགྲན་སེམས། ཆགས་སྡང་སོགས་སྐྱེ་ཡོང་སྐབས་ང་ཚོའི་ལུས་ཀྱི་ཟུངས Immune System ཟེར་རྒྱུ་དེ་མར་ཉུང་དུ་འགྲོ་གི་ཡོད་པ་ཚན་རིག་པས་གསལ་པོ་བཤད་ཀྱི་འདུག མིའི་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་རེད་ཅེས་ཚན་རིག་པ་ཁག་གཅིག་གིས་བཤད་ཀྱི་འདུག དེ་དག་དཔེ་ཆའི་ནང་བཤད་ཡོད། ལུང་གི་ཟིན་པ་རེད་ཟེར་གྱི་མེད། དངོས་སུ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཡོང་སྐབས་དེ་འདྲ་གཅིག་མཐོང་ཡོང་གི་འདུག དེར་བརྟེན་དེ་དག་གཞི་ལ་བཞག་ནས་ནང་སེམས་ཀྱི་ཞི་བདེ་ག་འདྲ་བཟོ་དགོས་ཀྱི་ཡོད་མེད། ནང་སེམས་ཀྱི་ལྷན་སྐྱེས་སུ་བྱམས་བརྩེ་ཡོད་པ་དེ་དག་གོང་འཕེལ་གང་འདྲ་གཏོང་དགོས་ཀྱི་ཡོད་མེད་དེ་དག་གི་ཐོག་ལ་ཉམས་ཞིབ་བྱེད་རྒྱུ་དེ་འདྲ་བྱས་ཀྱི་ཡོད།
དཔེར་ན། དེང་སྐབས་ཨ་རིའི་ནང་དུ་གྲོང་ཁྱེར་ཁ་ཤས་ཀྱི་མིང་ལ་སྙིང་རྗེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད། ཉེ་ཆར་རང་དེ་འདྲའི་མིང་བཏགས་པའི་གྲོང་ཁྱེར་གྱི་ལས་ཀ་བྱེད་མཁན་མི་འགའ་ཤས་ངོས་རང་ཐུག་རྒྱུ་བྱུང་། ཁོ་ཚོའོ་གྲོང་ཁྱེར་ནང་ཡོད་པའི་སློབ་གྲྭ་ཁག་བྱམས་བརྩེའི་གྲོང་ཁྱེར་ཟེར་བའི་མིང་དེ་ཡོད་སྟབས། ཁོང་ཚོའི་གྲོང་ཁྱེར་ནང་ཡོད་པའི་སློབ་ཕྲུག་ཚོ་ལྷིང་བ་དང་། རྙོག་གྲ་ཉུང་བ། སློབ་སྦྱོང་བཟང་བ་དེ་འདྲ་ཡོང་བཞིན་འདུག་ཅེས་བཤད་ཀྱི་འདུག ང་ཚོ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་གཙོ་བོ་སེམས་ཁམས་རིག་པ་དང་། བློ་སྦྱོང་སྟངས་སྐོར་སོགས་མང་པོ་ཞིག་ཐོན་ཡོང་གི་ཡོད། དངོས་གནས་བྱས་ན་འཛམ་གླིང་འདིའི་སྟེང་ནང་བསམ་བློའི་ཡ་རབས་སྤྱོད་བཟང་ཡར་རྒྱས་གཏོང་རྒྱུའི་སྐོར་ཤེས་ཡོན་གྱི་སྲིད་བྱུས་གསར་པ་ལྟ་བུ་གོ་བསྡུར་བྱས་ཡོང་སྐབས་ང་ཚོ་རྒྱ་གར་དུ་ཡོད་པའི་བོད་མི་བཙན་བྱོལ་བའི་དཔེ་མཚོན་འདྲ་བོ་ཞིག་སྟོན་ཆོག་ཆོག་ཅིག་ཡོད་དགོས་པ་རེད་དེ། ད་ལྟ་བྱུང་ཡོད་མ་རེད། ད་ལྟ་གཞི་ནས་གོ་བསྡུར་བྱེད་ཀྱི་ཡོད། དེ་འདྲའི་ང་ཚོའི་སློབ་གྲྭ་ཁག་གི་ནང་ལ་སློབ་ཚན་འདི་ལག་ལེན་བཀལ་ནས་བསླབ་ཐུབ་པ་བྱུང་ན་ཞེས་དེ་འདྲ་ཞིག་གི་སྒང་ལ་བསམ་བློ་གཏོང་གི་ཡོད་རེད། དེ་འདྲ་བྱུང་ན། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་གིས་རིམ་པས་འཛམ་གླིང་སྤྱི་ལ་དེས་དཔེ་མཚོན་འདྲ་བོ་བསྟན་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་མི་སྲིད་པ་མ་རེད། དེ་འདྲ་ཡོང་ཐུབ་རྒྱུར་རྐྱེན་འདྲ་བོ་མང་པོ་ཞིག་བསླེབ་ཡོང་གི་འདུག དེར་བརྟེན་ཕྱོགས་གཅིག་ནས་ཧམ་པ་ཚ་བོ་འདྲ་བོ་ཞིག་མཐོང་གི་རེད།
ཕྱོགས་གཅིག་ནས་བསམ་བློ་གཏང་ན་ང་ཚོ་བོད་པ་བཙན་བྱོལ་བ་ཉུང་ཤས་འདིས་སློབ་སྦྱོང་དེ་འདྲ་ཞིག་གི་ཐོག་ནས་ཡག་པོ་ཞིག་བྱེད་ཐུབ་ན། འཛམ་གླིང་འདིའི་སྒང་ལ་ཡ་རབས་སྤྱོད་བཟང་གི་ཐོག་ལ་སློབ་སྦྱོང་བྱེད་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རེད། ང་ཚོས་འཇོན་གྱི་ཡོད། ང་ཚོས་ཐུབ་ཀྱི་ཡོད་ཅེས་ཤོད་ཀྱི་མེད། མི་ལ་མ་འདང་བའི་ཚད་འདྲ་བོ་ཞིག་མིག་མཐོང་ལག་ཟིན་གྱི་ཡོད་པ་དེ་གང་འདྲས་སེལ་དགོས་ཀྱི་འདུག་གམ། གང་འདྲས་གསོས་དགོས་ཀྱི་འདུག་གམ། ཞེས་དོ་སྣང་བྱེད་སྐབས་ང་རང་ཚོས་དེ་འདྲ་ཞིག་བྱེད་ཀྱི་ཡོད་ཅེས་དཔེ་སྟོན་ཆ་ཚང་ཞིག་བསྟན་ཐུབ་པ་ཡིན་ན། ཡིད་དབང་འཕྲོག་ནས་དང་དུ་བླངས་ནས་དེའི་རྗེས་སུ་སློབ་ཀྱི་རེད། དེར་བརྟེན་སྤྱིར་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་འདི་དག་གལ་ཆེན་པོ་ཆགས་ཡོད། བོད་རང་ཉིད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་སྲུང་སྐྱོབ་བྱེད་རྒྱུ་ཙམ་མ་ཡིན་པའི་འཛམ་གླིང་འདིའི་སྒང་ལ་ཡིན་ནའང་མིག་དཔེ་བསྟན་ཐུབ་རྒྱུ་ཞིག་དང་། གོ་སྐབས་ཡོད་པ་ཞིག་རེད། ཡང་སྒོས་ལྷག་པར་དཔེ་སྟོན་སློབ་གྲྭ་འདི་ནས་ཁྱེད་རང་ཚོས་གཙོ་བོ་བོད་ཡིག་ཐོག་ཤུགས་བརྒྱབ་པ་དང་འབྲེལ་བའི་ཐོག་ནས་དེ་འདྲའི་སློབ་ཚན་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད། མ་འོངས་པ་བོད་མི་ཙམ་གྱི་དོན་དག་མ་ཡིན་པར་གང་ལྟར་རྒྱ་གར་དང་། འཛམ་གླིང་སྤྱི་ལ་ཡིན་ནའང་གང་ལ་གང་འཚམ་ཀྱི་ཕན་ཐོགས་བྱེད་ཐུབ་རྒྱུ། མ་འོངས་པར་རྒྱ་ནག་ནང་ལ་ད་ལྟའི་གནས་སྟངས་དེས་གང་ལྟར་ཤེས་ཡོན་ཡར་རྒྱས་འགྲོ་གི་ཡོད་པ་རེད། ཡིན་ནའང་སེམས་ཀྱི་དཀའ་ངལ་ཡོད་པ་དང་། ཡ་རབས་སྤྱོད་བཟང་གི་ཕོངས་ཀྱི་ཡོད་པ་ཧ་ཅང་གསལ་པོ་འདུག རིམ་པས་རིམ་པས་ང་ཚོར་འདིར་ཏན་ཏན་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་དང་ཡིད་དབང་འཕྲོག་ཐུབ་པ་ཞིག་བཟོ་ཐུབ་ཀྱི་རེད།
དེར་བརྟེན་ད་ལྟ་འདིར་ཡོད་པའི་ང་ཚོའི་སྒྲིག་འཛུགས་ཆུང་ངུ་དེས་མ་འོངས་པར་དངོས་གནས་དྲང་གནས་འཛམ་གླིང་འདིའི་སྒང་ལ་བཟང་པོའི་ས་མཚམས་ཤིག་བྱེད་ཐུབ་རྒྱུའི་རེ་བ་ཡོད་པ་ཞིག་རེད་འདུག ཁྱེད་རང་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱས་རོགས་བྱོས། ཁྱེད་རང་ཕྲུ་གུ་ཚོར་དམིགས་བསལ་བཤད་རྒྱུ་གང་ཡང་མི་འདུག ངོས་ཀྱི་ནམ་རྒྱུན་རྟག་པར་ཤོད་ཀྱི་ཡོད། ངོས་རང་མཚོན་པའི་ལོ་དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུར་ལོན་པའི་མི་དེ་དག་དུས་རབས་ཉི་ཤུ་པའི་མི་རེད་ཟེར་གྱི་ཡོད། ཁྱེད་རང་ཚོ་ལོ་བཅུ། བཅོ་ལྔ། ཉི་ཤུ གསུམ་ཅུ་མན་ཆད་དེ་དག་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རེད། དུས་རབས་ཉི་ཤུ་པ་དེ་རྫོགས་ཚར་བ་རེད། དུས་རབས་ཉི་ཤུ་པའི་མི་དེ་ཚོའི་ཟུངས་རྫོགས་གིན་རྫོགས་གིན་རིམ་པས་དགོངས་པ་ཞུ་རྒྱུའི་མཚམས་ལ་བསླེབ་ཀྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ད་ལྟ་འགོ་ཚུགས་ཡོད། འགོ་མའི་སྐབས་ཆགས་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་དུས་རབས་ཉི་ཤུ་པ་དང་མི་འདྲ་བའི་དངོས་གནས་དྲང་གནས་ཀྱི་འཚེ་བ་མེད་པ། དྲང་བདེན། འཁོད་སྙོམ་པ། དེ་འདྲའི་སྤྱི་ཚོགས་ཤིག་ཡོང་བར་རྩ་བ་ཐུག་ས་འདི་བྱམས་བརྩེར་ཐུག་ཡོད། མི་དང་མིའི་དབར་བརྩེ་བ་ཡོད་པ། མི་དང་མིར་བརྩེ་བ་ཡོད་ན་གུས་ཞབས་ཡོང་གི་ཡོད། མི་དང་མིར་གུས་ཞབས་ཡོད་ན་གཞན་གྱི་སྲོག་གཅོད་རྒྱུ་དང་། གཞན་གྱི་རྒྱུ་ལ་འདོད་རྔམས་བྱེད་རྒྱུ་དེ་དག་ཡོང་གི་མ་རེད། དེར་བརྟེན་ཞི་བདེའི་འཛམ་གླིང་ཞིག་དགོས་ན་བྱམས་བརྩེའི་བདེ་སྐྱིད་ཅིག་དགོས་ཀྱི་ཡོད། བྱམས་བརྩེ་ཞིག་མེད་ན་ཞི་བདེའི་འཛམ་གླིང་ཞིག་རྩ་བ་ཉིད་ནས་ཡོང་མི་ཐུབ། དེར་བརྟེན་དུས་རབས་ཉི་ཤུ་པ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་གི་སྒང་ལ་ཕྱིན་པ་རེད། དུས་རབས་དེའི་རྗེས་ཤུལ་ལམ་ཤུགས་རྐྱེན་ལྟ་བུ་དེ་ད་ལྟ་ཡིན་ནའང་ལྷག་ནས་རྙོག་གྲ་ཧ་ཅང་འདུག རྙོག་གྲ་འདི་རང་གར་བཞག་ན་འགྲིག་གི་མ་རེད། ལྷག་པར་ང་རང་ཚོ་ཚང་མ་སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་་སེམས་ཅན་ཐམས་ཅད་ཅེས་ཟེར་གྱི་ཡོད། ཁ་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་ན་ལག་ལེན་ངོ་མའི་ཐོག་ལ་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོད་ན་བྱེད་དགོས་པ་ཞིག་རེད།
དེར་བརྟེན་འཛམ་གླིང་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་ཡོང་བར་འབད་བརྩོན་བྱེད་འོས་པ་རེད། ཆོས་དད་མེད་མཁན་མང་པོ་ཞིག་གིས་དངོས་གནས་བྱམས་བརྩེས་ཕོངས་འདུག ཅེས་ད་ལྟ་ངོས་ཀྱི་གོང་དུ་བཤད་པ་བཞིན་ཨ་རིའི་གྲོང་ཁྱེར་འགའ་ཤས་བྱམས་བརྩེའི་གྲོང་ཁྱེར་ཟེར་བ་དེ་ཚོ་ཆོས་ཡོད་མཁན་གྱི་གྲོང་ཁྱེར་བཟོ་གི་ཡིན་ཞེས་བརྗོད་ཀྱི་མེད། ཆོས་ཡོད་རུང་མེད་རུང་བྱམས་བརྩེ་ལྡན་པའི་གྲོང་ཁྱེར་ཞིག་བཟོ་གི་ཡིན་ཟེར་གྱི་ཡོད། དེ་བཞིན་ཤེས་ཡོན་སྐོར་བཤད་སྐབས་འཛམ་གླིང་མི་ཡོངས་རྫོགས་ཆོས་པ་བྱེད་དགོས་རེད་བརྗོད་ཀྱི་མེད། གང་ལྟར་བྱམས་བརྩེ་ལྡན་པའི་མི་ཞིག་དགོས་རེད་ཅེས་འདི་བཤད་ཀྱི་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཆགས་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བྱམས་བརྩེ་ལྡན་པ་ཞིག་བཟོ་རྒྱུའི་འགན་དེ་ཁྱེད་རང་ཚོར་ཡོད། བྱེ་བྲག་ཏུ་བོད་གངས་ཅན་ལ་ཆ་བཞག་ན། གངས་ཅན་པའི་མི་རབས་རྒན་པ་དེ་ཚོ་རྫོགས་འགྲོ་གི་ཡོད།
ང་ཚོ་བཙན་བྱོལ་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཐོག་མར་ཡོང་མཁན་གྲས་ཀྱི་མི་རབས་དེ་ཚོ་ཕལ་ཆེར་རྫོགས་ཚར་བ་རེད། ང་ཚོ་མི་རིགས་གཅིག་རེད། ང་ཚོ་མི་རིགས་གཅིག་གི་འཐབ་རྩོད་རེད། དེར་བརྟེན་མི་ཐོགས་གཅིག་གི་སྐད་ཆ་མ་རེད། མི་རབས་ནས་མི་རབས་སྐད་ཆ་བཤད་དགོས་པ་རེད། ཁྱེད་རང་ཚོ་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་མི་རབས་གསར་པ་ཞིག་ཡིན་སྟབས། ཁྱེད་རང་ཚོས་བོད་མི་རིགས་ཀྱི་སྤྱི་སེམས། བསྟན་འགྲོའི་ལར་རྒྱ་དེ་དག་ཁྱེད་རང་ཚོའི་སྙིང་ལ་བཟུང་ནས་དེའི་ཐོག་ནས་བོད་མི་རིགས་རང་གི་རིག་གཞུང་གཏིང་ཟབ་པོ་ཡོད་པ་དེ་ཚོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱ་རྒྱུ་དང་། དེའི་བརྒྱུད་ནས་འཛམ་གླིང་སྤྱི་ལ་ཡིན་ནའང་གང་འཚམ་ང་ཚོས་ཕན་ཐོགས་བྱེད་ཐུབ་རྒྱུར་གོ་སྐབས་ཡོད་རེད་ལ་འགན་ཡང་ཡོད། ཁྱེད་རང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་རིགས་ཚོས་སེམས་ཤུགས་བསྐྱེད་བྱས་ཧུར་ཐག་བྱོས་ཤོག་ཨང་། དེར་བརྟེན་ཁྱེད་རང་ཚོ་ཆུང་ངུའི་སྐབས་ནས་སེམས་ནང་བསམ་བློའི་འཁྱེར་བཟོ་དང་། དེ་དང་འབྲེལ་བའི་བསམ་བློའི་འཁྱེར་བཟོ་བཟང་པོ་དེ་དངོས་གནས་དྲང་ནས་ལག་ལེན་བཀལ་ཡོང་སྐབས་ཤེས་ཡོན་དགོས་ཀྱི་ཡོད། ཀླད་པ་དང་འབྲེལ་བའི་ཤེས་ཡོན་དང་། སྙིང་དང་འབྲེལ་བའི་བྱམས་བརྩེའི་ལྷག་བསམ་གཉིས་པོ་འདི་ཟུང་དུ་འབྲེལ་བ་ཞིག་བྱུང་ན་བདེ་སྐྱིད་ལྡན་པ་ཡོང་གི་རེད། རང་སྒེར་ལ་ཡིན་ནའང་བདེ་སྐྱིད་ལྡན་པ་ཡོང་གི་རེད། སྤྱི་ཚོགས་ལ་ཡིན་ནའང་ཕན་ཐོགས་ཀྱི་རེད། འཛམ་གླིང་སྤྱི་ལ་ཡིན་ནའང་ཕན་གྱི་རེད། འདི་ཁྱེད་རང་ཚོའི་སེམས་ལ་བཞག་རོགས། གཞན་ངོས་ཀྱིས་ཞུ་རྒྱུ་གང་ཡང་མི་འདུག ཐུགས་རྗེ་ཆེ། །ཞེས་བཀའ་སློབ་སྩལ་གྲུབ་མཚམས་གང་བློ་མའི་ལྗགས་ལུང་བཀའ་དྲིན་སྩལ་བ་བཅས། །