༢༠༡༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་དབྱིན་ཡུལ་དུ་ཆིབས་ཞལ་བསྒྱུར་བ་དང་། ཕྱི་ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་དབྱིན་ཡུལ་དུ་༸ཞབས་སོར་འཁོད་བསྟུན། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་མེག་དཱ་ལན་ Magdalen College མཐོ་སློབ་ནང་སློབ་ཕྲུག་དང་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་མཛད་པ་དང་སྦྲགས། གང་ཉིད་མཆོག་གི་རླབས་ཆེན་མཛད་ཁུར་གསུམ་སྐོར་བཀའ་སློབ་སྩལ། ཕྱི་ཚེས་ ༡༥ ཉིན་མེག་དཱ་ལེན་མཐོ་སློབ Magdalen College ཀྱི་སློབ་དཔོན་ཌེ་ཝིཌ་ཁེ་ལི་རི་ Prof David Clary ལགས་ཀྱིས་དཔེ་མཛོད་ཁང་དུ་གདན་འདྲེན་ཞུས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔེ་མཛོད་ནང་དཔེ་དེབ་ཁག་ལ་གཟིགས་ཞིབ་མཛད་པ་དེ་
The evening standard དང་། The Sun ཚགས་ཤོག་གི་གསར་འགོད་པས་བཅར་འདྲིར་བཀའ་ལན་སྩལ། དེ་བཞིན་ St Anne’s College ནང་རྒྱ་རིགས་སློབ་ཕྲུག་ ༥༠ ཙམ་ལ་མཇལ་ཁ་སྩལ་ཏེ་གང་ཉིད་མཆོག་གིས་སྐུ་ཚེ་ཧྲིལ་པོའི་མཛད་ཁུར་གཙོ་བོ་གསུམ་ལ་སོགས་པའི་བཀའ་སློབ་ལམ་སྟོན་ཀྱང་སྩལ་ཡོད།
ཕྱི་ཚེས་ ༡༦ ནས་ཕྱི་ཚེས་ ༡༧ བར་ཉིན་གཉིས་རིང་ Inspire Dialogue Foundation ཐེབས་རྩས་གོ་སྒྲིག་ཐོག་རྣམ་དཔྱོད་གོང་སྤེལ་དང་། མི་གཤིས་འགྱུར་བ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་། མཁས་པ་དང་སློབ་ཕྲུག་བཅས་དང་ལྷན་བགྲོ་གླེང་མཛད་ཡོད།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ O2 ཚོགས་ཁང་ཆེན་མོའི་ནང་དབྱིན་ཡུལ་དང་ཉེ་འཁོར་ཡུ་རོབ་ཁུལ་ནས་ཆེད་བཅར་ཞུས་པའི་བོད་རིགས་གྲངས་ ༧༠༠ བརྒལ་བར་མཇལ་ཁ་དང་སྦྲགས་བོད་རིགས་ཚོས་རྣམ་ཀུན་ཏུ་རང་གི་སྲོལ་རྒྱུན་རིག་གཞུང་བཟང་པོ་དེ་དག་ལ་ཁེངས་དྲེགས་མེད་པའི་ཐོག་ནས་སྤོབས་སེམས་ལྡན་དགོས་གལ་གྱི་བཀའ་སློབ་སྩལ་བ་དང་། ཉིན་དེའི་ཕྱེད་ཡོལ་ཚོགས་ཁང་ཆེན་མོ་ O2 ནང་མང་ཚོགས་གྲངས་ ༡༠༠༠༠ བརྒལ་བར་བྱམས་བརྩེའི་སྐོར་གྱི་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ།
ཕྱི་ཚེས་ ༢༠ ཉིན་བི་བི་སི་ BBC གསར་ཁང་གི་གསར་འགོད་པ་ས་ལི་ཝི་མེ་རི་ Clive Myrie ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་བཅར་འདྲི་ཞུས་པར་བཀའ་ལན་སྩལ་བ་དང་། རྒྱ་གར་བ་ཚོགས་པ་ཁག་གཅིག་དང་མཇལ་འཕྲད་མཛད་པ། དེ་བཞིན་སྐབས་དེར་རྒྱ་གར་བ་ཚོང་དོན་འགོ་ཁྲིད་དང་ཆབ་སྲིད་མི་སྣ་གྲངས་ ༡༠༠ སྐོར་ཞིག་བཅར་ཡོད་པ་རྣམས་དང་ལྷན་གསུང་མོལ་མཛད་ཡོད།
ཉིན་དེའི་ཕྱེད་ཡོལ་སྐུ་སྐྱེས་མ་མོ་ཧེ་ནེ་ཀིན་ཏ་ནུན་ལགས་དང་ཧིན་དུ་ཇ་ཐེབས་རྩ་ཚོགས་པ་ Lady Mohini Kent Noon and the Hinduja Foundation ནས་གསོལ་འདེབས་ཞུས་དོན་ལྟར་ Coliseum Theatre ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་མི་གྲངས་ ༢༣༠༠ བརྒལ་བར་འཚེ་མེད་ཞི་བ་དང་། རྒྱ་གར་གྱི་ཉི་མོ་ཞེས་པའི་དུས་སྟོན་སྲུང་རྩིའི་ཐོག་བཀའ་སློབ་ཀྱང་སྩལ་ཡོད།
ཕྱི་ཚེས་ ༢༡ ཉིན་ལོན་ཊོན་ནང་རྟེན་གཞི་བྱས་པའི་ House of Lords ཞེས་པའི་ཚོགས་ཁང་ནང་དུ་ནང་པའི་སྤྱི་ཚོགས་ཀྱིས་གོ་སྒྲིག་འོག་ཆོས་ལུགས་མཐུན་ལམ་དང་། བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
ཉིན་རྒྱབ་ལེ་སིམ་ཚོགས་ཁང་ Lyceum theatre ནང་མི་གྲངས་ ༢༠༠༠ བརྒལ་བར་འཛམ་གླིང་ཞི་བདེ་དང་སེམས་ཀྱི་བདེ་སྐྱིད་སྐོར་བཀའ་སློབ་སྩལ་ཏེ་གང་ཉིད་མཆོག་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་མ་ཡོ་སྨན་ཁང་དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་མུས་བཞིན་ད་ཐེངས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་པ་དང་། ཕྱི་ཚེས་ ༣༠ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཌའི་གྲོང་ཁྱེར་རོ་ཅེས་ཀྲར་ཁུལ་དུ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ས་གནས་དང་ཉེ་འཁོར་མངའ་སྡེ་ཁག་ནས་བཅར་བའི་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་དང་། ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་གྷ་གལ་གནམ་ཐང་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། །