ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་རྡ་སར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Bharat Tibbat Sahyog Manch) ཡན་ལག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་དོན་སྐོར་ལྷན་ཚོགས་ཤིག་གོ་སྒྲིག་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྲིད་སྐྱོང་བོ་བཟང་སེངྒེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། རྒྱ་གར་རྒྱལ་ཡོངས་དང་ཞབས་ཚོགས་པ་ཨར་ཨེ་སི་ཨེ་སི་ (RSS)ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་ཀྲིཥྞ་གོ་པལ་མཆོག་དང་། ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ Dr.Kuldeep chand Agnihotri ལགས། ཧི་མཱ་ཅལ་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་ལྷན་འཛོམས་དང་འབྲེལ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོ་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་མ་ཕེབས་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་མ་འོངས་ལས་འཆར་ཁག་ཧ་ཅང་གསལ་པོ་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་མོལ་བྱུང་བ་བཞིན་དངོས་སུ་ཕྱག་བསྟར་དང་། ང་ཚོར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོ་བོད་པར་གང་ཡོད་པ་དེ་དག་རྒྱ་གར་ལ་བརྟེན་ནས་བྱུང་བ་ཡིན། དུས་རབས་བདུན་པ་དང་བརྒྱད་པའི་ནང་ནང་པའི་བསྟན་པ་རྒྱ་གར་ནས་བོད་དུ་དར་བར་བརྟེན་བོད་མིའི་མི་ཚེའི་ལམ་ལུགས་ཆ་ཚང་ལྟ་བུ་འགྱུར་བ་ཕྱིན་ཡོད། བོད་ཀྱི་ཡི་གེ་ཡང་རྒྱ་གར་ནས་བྱུང་བ་ཞིག་རེད། ང་ཚོ་བོད་རྒྱལ་ཁབ་ཤོར་ནས་གཉན་འཕྲང་ཅན་གྱི་གནས་སྟངས་འོག་གནས་ཡོད། རྒྱ་གར་ནང་ང་ཚོར་སྐྱབས་བཅོལ་གནས་བབས་ཐོག་སྡོད་རྒྱུ་བྱུང་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོ་ BJP གཞུང་ནང་ཡོད་སྟབས་ང་ཚོས་རེ་བ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། བོད་ཀྱི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་ཡོང་བའི་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ལགས་ཀྱིས་རྒྱ་གར་ནང་གི་ཆུ་བོ་ཕལ་ཆེ་བ་བོད་ནས་ཡོང་གི་ཡོད་སྐོར་དང་། དེ་བཞིན་རྒྱ་གར་གྱི་གནས་ཆེན་གངས་རིན་པོ་ཆེ་བོད་ནང་ཡོད་སྐོར་སོགས་འཕགས་བོད་ཀྱི་འབྲེལ་བའི་སྐོར་ཞིབ་ཕྲ་གསུང་པ་མ་ཟད། བོད་མིའི་རང་དབང་སླར་གསོའི་ཆེད་རྒྱ་གར་གཞུང་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་གསུང་བཤད་གནང་དོན། རྣམ་པ་ཚོ་འདིར་ཕེབས་པར་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་དམར་པོའི་རིང་ལུགས་ (Communism)རྗེས་སུ་འབྲང་ནས་ལོ་བརྒྱ་ཙམ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ནང་དམར་པོའི་རིང་ལུགས་ཉུང་དུ་འགྲོ་བཞིན་ཡོད། ཉིན་ཞིག་འཛམ་གླིང་འདིའི་སྟེང་དམར་པོའི་རིང་ལུགས་མེད་པར་ཆགས་ངེས་རེད། འོན་ཀྱང་ནང་པའི་བསྟན་པ་དེ་ལོ་ ༢༥༠༠ ལྷག་ཙམ་ནས་གནས་ཡོད་པ་མ་ཟད། ད་དུང་ཡང་ལོ་ ༢༥༠༠ ལྷག་གནས་ཀྱི་རེད། ང་ཚོའི་དཔལ་ཡོན་གྱི་རྨང་གཞི་ནང་པའི་བསྟན་པ་རེད། ནང་པའི་བསྟན་པ་དེ་རྒྱ་གར་ནས་བོད་དུ་དར་བ་རེད། བོད་དེ་རྒྱ་གར་གྱིས་གཙོས་པའི་ཨེ་ཤི་ཡ་ཡུལ་གྲུ་ཁག་གི་ཁོར་ཡུག་ཆེད་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
འཕགས་བོད་གཉིས་ཆོས་དང་རིག་གཞུང་གང་ཅིའི་ཐོག་ནས་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད། བོད་མི་རྣམས་ལ་རྒྱ་གར་གཞུང་དང་མི་མང་ནས་མཐུན་འགྱུར་གནང་བ་བཞིན་རྒྱལ་ཁབ་གཞན་སུ་ཞིག་གིས་ཀྱང་དེ་ལྟར་གནང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་ཞབས་ཀྲིཥྞ་གོ་པལ་མཆོག་གིས་ཐེངས་འདིར་རྡ་སར་ཡོང་དགོས་པའི་རྒྱུ་མཚན་དང་། དམིགས་ཡུལ། འཕགས་བོད་ཀྱི་འབྲེལ་བའི་སྐོར་ཞིབ་ཕྲ་གསུང་པ་མ་ཟད། བོད་མིའི་རང་དབང་སླར་གསོ་ཆེད་རྒྱ་གར་གཞུང་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། མཐར་ཧི་མཱ་ཅལ་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Sunil Manochaལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།།