ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་་ལོ་ངོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོ་རྡ་སྟེང་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ནས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཅོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱིར་དེ་རིང་གི་མཛད་སྒོ་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་རྒྱུ་ཡིན་ནའང་། དེ་རིང་སྔ་དྲོར་གཟིམ་ཆུང་དུ་མཇལ་ཁ་ཞིག་འདུག དེར་བཅར་བ་རེད། དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་རྒྱ་གར་མདྱཱ་པྲ་དེ་ཤི་མངའ་སྡེ་ནས་མགྲོན་འབོད་ཞུས་པ་བཞིན་ཁུལ་དེར་ཕེབས་རྒྱུ་རེད། རྩ་བའི་སྲིད་སྐྱོང་མཆོག་འདིར་བཅར་འདོད་ཧ་ཅང་གནང་གི་འདུག འོན་ཀྱང་དུས་ཐོག་ཕེབས་མ་ཐུབ་སྟབས་ངས་སྲིད་སྐྱོང་མཆོག་གི་ཚབ་ཞུས་ཏེ་ཚིག་ཁ་ཤས་ཞུ་གི་ཡིན། བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་མཛད་སྒོ་རྒྱས་པ་ཞིག་ལོ་ལྟར་གནང་གི་ཡོད། ལྷ་ལྕམ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་དགོངས་པ་ཆེ་བཞེས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་དབུ་འཛུགས་ཀྱིས་ད་ལྟ་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་འགན་བཞེས་ཏེ་མུ་མཐུད་ནས་འགྲོ་བཞིན་པར་བོད་ཕྲུག་ཁྱིམ་སྡེའི་དབུ་ལས་ཡོངས་ཀྱིས་ཕྱག་ལས་ཞིབ་ཚགས་པོ་དང་། ཚགས་ཚུད་པོ། ཧ་ཅང་གྲ་སྒྲིག་པོ་གནང་འདུག ད་བར་བྱས་རྗེས་དང་། གྲུབ་འབྲས་ཁག་ལ་ངས་རྗེས་སུ་ཡི་རང་དང་བཀའ་ཤག་གིས་ཚབ་ཞུས་ཏེ་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཤེས་ཡོན་ནི་བཀའ་ཤག་གོང་རིམ་ནས་ད་བར་རྩ་ཆེན་པོ་དང་། གལ་ཆེན་པོ་རྩི་བཞིན་ཡོད། ད་བར་ཤེས་རིག་གི་ཐོག་ནས་ཡར་རྒྱས་རབ་དང་རིམ་པ་འགྲོ་བཞིན་པ་ཧ་ཅང་གསལ་པོ་རེད། གོང་དུ་ཚེ་དབང་ཡེ་ཤེས་ལགས་ཀྱིས་གསུངས་པ་བཞིན་བཀའ་ཤག་ནང་གོ་བསྡུར་རིམ་པ་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་འདི་སྔོན་འགྲོ་འཛིན་གྲྭའི་ནང་སྔོན་མ་ནས་ལག་ལེན་བསྟར་བཞིན་ཡོད། ཉེ་ཆར་ཤེས་རིག་བཀའ་བློན་མཆོག་དང་བོད་ཁྱིམ་གྱི་མཛད་གཙོ་རྣམ་པ་བཀའ་བསྡུར་གནང་སྟེ་ཕྱི་ལོ་ ༢༠༡༦ ནས་འཛིན་གྲྭ་དང་པོ་ནས་ལག་ལེན་བསྟར་རྒྱུ་ཐུགས་གཏན་འཁེལ་སྐོར་གསུངས་བྱུང་། ཤེས་ཡོན་སྲིད་བྱུས་འདི་གལ་ཆེན་པོ་དང་། རྩ་ཆེན་པོ་རྩིས་དགོས་དོན་ནི། སྤྱིར་ཤེས་ཡོན་སྤྱི་དང་། ལྷག་པར་དུ་གལ་ཏེ་བོད་པའི་ཐུན་མོང་མ་ཡིན་པའི་ཤེས་ཡོན་དང་། བོད་ཀྱི་སྐད་དང་རིག་གཞུང་། ཁྱད་ཆོས་དེ་དག་མ་བརླགས་པར་བྱས་ནས་ཆུང་དུས་ནས་སློབ་སྦྱོང་སྤྲོད་རྒྱུ་དང་། བོད་པའི་ཆོས་དང་རིག་གཞུང་ཁག་མ་ཉམས་པར་གཅེས་འཛིན་ཡོང་ཆེད་ངོ་སྤྲོད་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད།
སློབ་གྲྭ་འདིར་ཡན་ལག་མང་པོ་ཞིག་ཡོད་པ་མ་ཟད། བོད་ཕྲུག་ཁྱིམ་སྡེ་བརྗོད་སྐབས་ཚགས་ཚུད་སྒྲིག་འཛུགས་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་གལ་ཆེན་པོ་རྩིས་དགོས་དོན་ནི།རང་ཉིད་ཀྱི་མི་ཚེ་སྐྱེལ་སྟངས་ཀྱིས་མཚོན་བོད་བསྟན་སྲིད་མི་རིགས་ཆེད་ལས་དོན་སྒྲུབ་ཀྱི་ཡོད། མི་ཞིག་ལ་ཆ་བཞག་ནའང་། འཛམ་གླིང་འདིའི་སྟེང་སོ་སོའི་མི་ཚེ་སྐྱེལ་ནས་འགྲོ་དགོས་ཡོད་པར་བརྟེན། ཤེས་ཡོན་ཚད་དང་ལྡན་པ་ཞིག་མེད་ན། སོ་སོ་རང་ཉིད་ཀྱི་མི་ཚེ་ཚད་དང་ལྡན་པ་ཞིག་ཡོང་རྒྱུ་མེད་པ་གསལ་པོ་རེད། དེ་བཞིན་སོ་སོའི་ནང་མི་དང་། སྤུན་མཆེད་ལ་ཕན་ཐོགས་དགོས་ཀྱི་ཡོད་ན། ཤེས་ཡོན་གྱི་ཐོག་ནས་ལས་ཀ་ཆེན་པོ་དང་། གྲུབ་འབྲས་ཐོན་པ། གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་གྲུབ་འབྲས་དམིགས་གསལ་ཐོན་ངེས་རེད།
བོད་བསྟན་སྲིད་མི་རིགས་ཆེད་དུ་ཡིན་ནའང་། ང་ཚོ་བོད་མི་རིགས་ཀྱི་གནད་དོན་དང་དཀའ་ངལ་འདི་འཛམ་གླིང་རྒྱལ་སྤྱིའི་ཐོག་ང་ཚོའི་དཀའ་ངལ་འདི་སེལ་དགོས་པ་དང་། འཛམ་གླིང་རྒྱལ་སྤྱིའི་ཐོག་ང་ཚོ་བོད་ཀྱི་གནད་དོན་འདི་འཐབ་རྩོད་བྱས་དགོས་ཀྱི་ཡོད་སྟབས། འཛམ་གླིང་རྒྱལ་སྤྱིའི་ཐོག་འགྲོ་ཐུབ་པའི་ཤེས་ཡོན་མེད་པ་ཡིན་ན། ཏག་ཏག་བསྡད་ཀྱི་མེད། དེར་བརྟེན་ཤེས་ཡོན་གྱི་ལས་དོན་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད་པ་ལྟར། ལོ་རེ་བཞིན་གྲུབ་འབྲས་ཀྱང་བཟུང་དུ་འགྲོ་བཞིན་ཡོད་པ་གསལ་པོ་རེད།
ཉེ་ཆར་མ་སུ་རི་གཏན་སློབ་ཀྱི་སློབ་ཟུར་འཇིགས་མེད་ཚེ་རིང་ལགས་ཀྱིས་ Hindustan Institute of Technology & Science, Chennai གཙུག་ལག་སློབ་གཉེར་ཁང་དུ་ལོ་རིམ་དང་པོའི་ནང་ཡིག་རྒྱུགས་བརྒྱ་ཆ་ ༩༧་༩ ལོན་འདུག ད་བར་བཙན་བྱོལ་སྤྱི་ཚོགས་ནང་བརྒྱ་ཆ་དེ་ལྟར་ལོན་མཁན་ཕལ་ཆེར་བྱུང་མེད། བཀའ་ཤག་གིས་ཁོ་རང་རྡ་སར་ཆེད་འབོད་ཀྱིས་གཟེངས་བསྟོད་དང་སློབ་ཡོན་སྒོར་འབུམ་གཅིག་གནང་ཡོད།
ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་དཀའ་ངལ་དང་། སྡུག་བསྔལ། གནས་སྟངས་དེ་དག་དུས་རྟག་ཏུ་སེམས་ལ་བཞག་ནས་ལག་ལེན་བསྟར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
བོད་ཁྱིམ་དང་ཤེས་རིག་ལས་ཁུངས་ངོས་ནས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཐབས་ཤེས་རབ་དང་རིམ་པ་གནང་བཞིན་པ་རེད། དེ་བཞིན་སློབ་ཕྲུག་རྣམས་ནས་ཀྱང་སློབ་སྦྱོང་ཐོག་སྔར་ལྷག་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་ངེས་པར་དུ་གནང་རོགས་ཞུ་འདོད་བྱུང་། ཞེས་གསུང་བཤད་གནང་ཡོད། །