༢༠༡༥ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༡ ནས་ ༡༧ བར་བདུན་ཕྲག་གཅིག་གི་རིང་མེའོ་ཆོས་འཕེལ་གླིང་དང་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡིབ་རུ་གྷར་ནས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༣ དང་ ༡༤ བཅས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དང་བསྟུན་མི་མང་དང་ལྷན་ཚོགས་འདུ་འཚོགས་རྒྱུ་དང་། འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་ཞིབ་འཇུག མཆིན་པའི་གཉན་ཚད་ནད་གཞིའི་ཐོག་གོ་རྟོགས་དང་སློབ་གསོ། ལྷག་པར་མང་ཚོགས་འཕྲོད་བསྟེན་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི་བཅས་ཀྱི་ཐོག་དཔྱད་ཞིབ་གནང་རྒྱུ། ཕྱི་ཚེས་ ༡༤ ཉིན་མེའོ་ནས་ཏི་ཛུར་ཕེབས་འཐོན་གྱིས་ཁུལ་དེར་ཕྱི་ཚེས་ ༡༥ བར་གོང་གསལ་ལྟར་ལས་རིམ་ཐོག་མཉམ་ཞུགས། ཕྱི་ཚེས་ ༡༦ ཉིན་ཏི་ཛུ་ནས་རྡིབ་རུ་གྷར་བརྒྱུད་ལྡི་ལི་དང་དེ་ནས་མེ་འཁོར་བརྒྱུད་རྡ་སར་ཕེབས་འཐོན་གནང་རྒྱུ་ཡིན་འདུག