ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་རྒྱ་གར་མཐོ་སློབ་འདྲ་མིན་ཁག་ནང་ཉམས་ཞིབ་སློབ་གཉེར་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཉམས་ཞིབ་པའི་ལྷན་ཚོགས་ཤིག་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གྲོས་སྟོན་པ་ཨ་ཅརྱ་བློ་བཟང་ལགས། ཚོགས་བཅར་བ་བོད་རིགས་གཞོན་སྐྱེས་ཉམས་ཞིབ་པ་དང་། གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ལྷན་ཚོགས་དབུ་འབྱེད་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་དོན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་ཚགས་ཚུད་ཡོང་རྒྱུ་དང་ཉམས་ཞིབ་མཐར་ཕྱིན་པ་བྱེད་ཐུབ་རྒྱུ། ནུས་པ་འདང་རྒྱུ་ཏོག་ཙམ་དཀའ་ལས་ཁག་པོ་ཡིན་སྟབས། ཉམས་ཞིབ་ཁང་འདི་ཉམས་ཞིབ་གནང་མཁན་གཅིག་པུ་མིན་པ་ཕྱི་ནས་ཡོན་ཏན་དང་ནུས་པ་སྤུང་ས་ཞིག་དང་། བོད་པས་གདེང་ཚོད་ཡོད་པའི་ཐོག་ནས་བོད་ཐོག་ཉམས་ཞིབ་གཏིང་ཟབ་བྱས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲེལ་བཤད་མཐར་ཕྱིན་པ་ཞིག་བརྒྱབ་ཐུབ་པའི་དམིགས་ཚད་བཟུང་ཡོད།
རྒྱ་ནག་གཞུང་གིས་བོད་ནང་གྲོང་ཁྱེར་མང་པོ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་འདུག ཆབ་མདོ་དང་ཀོང་པོ་ཉི་ཁྲི་བཅས་གྲོང་ཁྱེར་ལ་འགྱུར་བཞིན་ཡོད། གྲོང་ཁྱེར་དེ་ཚོའི་མི་འབོར་གློ་བུར་དུ་སྐྱེ་གི་མེད་སྟབས་གང་ནས་ཡོང་བ་རེད། ང་ཚོའི་སེམས་ཁྲལ་ཡོད་པ་དེ་གྲོང་ཁྱེར་དེ་ཚོའི་ནང་གི་མི་འབོར་འཕར་མ་མང་པོ་ཞིག་རྒྱ་ནག་ནས་སྤོ་བཤུད་བྱེད་པ་མིན་ནམ་བསམ་གྱི་འདུག དཔེར་ན། ཉེ་ལམ་བལ་ཡུལ་ནང་ས་ཡོམ་བྱུང་སྟེ། འགྲམ་གྲོང་རྡལ་མེད་པ་ཆགས་ཡོད་སྟབས། རྒྱ་གཞུང་གིས་སྔར་ཡོད་པའི་བོད་པ་དེ་ཚོ་གཞིས་ཀ་རྩེའི་གཡས་གཡོན་ལ་གནས་སྤོ་བྱས་ཏེ། གྲོང་རྡལ་དེའི་ནང་རྒྱ་རིགས་སྤོ་བཤུད་བྱེད་ཀྱི་ཡོད། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡག་པོ་གནས་ཆེད། རྒྱ་ནག་གི་མི་འབོར་ཕྱེད་ཀ་གྲོང་ཁྱེར་ནང་གནས་ཐུབ་པ་བཟོ་རྒྱུ་དེ་ཡིན་སྟབས། ད་ལྟ་བོད་ནང་གྲོང་ཁྱེར་འཛུགས་སྐྲུན་བྱེད་བཞིན་པ་དེ་སྲིད་བྱུས་དེའི་ཆ་ཤས་མིན་ནམ་བསམ་གྱི་འདུག བོད་ནང་རྒྱ་རིགས་ཕོན་ཆེ་སྤོ་བཤུད་བྱས་པ་ཡིན་ན། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ཡུན་གནས་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ད་ལན་དེའི་ཐོག་ཉམས་ཞིབ་བྱེད་མཁན་བྱུང་བ་དེས་ང་ཚོར་སྔོན་བརྡ་འདྲ་པོ་ཞིག་འབྱུང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོ་དེ་རིང་འདིར་ཕེབས་པར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྣམ་པ་ཚོ་ཉིན་མ་གཉིས་རིང་བཀའ་བསྡུར་ལྷུགས་པོ་ཡོང་རྒྱུ་དང་། ཕན་ཚུན་གོ་རྟོགས་སྤེལ་རེས་དང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུ་སོགས་ཀྱི་ཐུགས་ཕན་གསོ་བའི་རེ་བ་ཡོད། བོད་ལོ་ལྔ་དང་ལྔ་བཅུ་ཟེར་ན་གང་རེད་ཟེར་ན། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དུས་ཡུན་ལོ་ལྔ་རེད། ལོ་དེའི་རིང་ང་ཚོའི་ཆབ་སྲིད་ཀྱི་འགན་ཆེ་ཤོས་དེ་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུ་དེ་རེད། དེའི་ཐོག་ང་ཚོས་འབད་བརྩོན་གང་འདྲ་ཡིན་ནའང་བྱེད་དགོས་པ་དང་། དེ་དང་མཉམ་དུ་ང་ཚོ་བཙན་བྱོལ་ནང་ལོ་ལྔ་བཅུ་ལྷག་གནས་པ་ཡིན་སྟབས་གལ་ཏེ་ད་དུང་ལོ་ལྔ་བཅུ་གནས་དགོས་བྱུང་བ་ཡིན་ན། བོད་མིའི་སྒྲིག་འཛུགས་འདི་གང་འདྲ་བྱས་ནས་མུ་མཐུད་གནས་དགོས་པ་དང་། ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་འདི་དང་པོ་གནས་པའི་ཐོག་ནས། དེ་ནས་ནུས་སྤེལ་དང་རྒྱུན་གནས། དེ་ནས་རྒྱལ་ཁ། དེའི་གང་བརྗོད་ཀྱི་ཡོད་རེད་ཅེ་ན། ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཟུང་བོད་རྒྱ་འབྲེལ་མོལ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་ཡིན་ན། ང་ཚོས་རྒྱལ་ཁ་ཞིག་རེད། འོན་ཀྱང་ལོ་ལྔ་བཅུའི་ནང་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་ཡིན་སྟབས། ང་ཚོ་བོད་མི་སྒྲིག་འཛུགས་འདི་གནས་ཐུབ་ཡོད་ན་སྐབས་དང་དུས་ལ་གོ་སྐབས་ཐོབ་ཡོང་སྟབས་དེ་དུས་ང་ཚོར་རྒྱལ་ཁ་ཐུབ་རྒྱུ་ཡིན་པ་རེད། དེར་བརྟེན་ལོ་ལྔ་བཅུའི་ནང་འཚོ་གནས་དང་། ནུས་སྤེལ། རྒྱུན་གནས། རྒྱུན་འཛིན་བཅས་ཀྱི་ཐོག་ང་ཚོས་གང་བྱེད་རྒྱུ་འདུག
དང་པོ་འཚོ་གནས་ལ་བོད་མིའི་སྒྲིག་འཛུགས་འདི་གང་འདྲ་འཚོ་གནས་ཐུབ་ཀྱི་རེད། དེ་ནས་ནུས་པ་ཇི་འདྲ་སྤེལ་ཐུབ་ཀྱི་རེད། ང་ཚོས་བྱེད་རྒྱུ་ཡོད་པ་དེ་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གལ་ཆེ་ཤོས་རེད། གང་ཡིན་བརྗོད་ན། ང་ཚོའི་རྩ་དོན་རྩོད་རྒྱུ་གཅིག་དེ་མི་རིགས་ཀྱི་ངོ་བོ་དེ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཡིན། ཆེ་མཐོང་ལ་ང་ཚོར་ཐོབ་ཐང་དགོས་ཀྱི་ཡོད་ཟེར་གྱི་ཡོད་རེད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་ཐོབ་ཐང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་དགོས་ཀྱི་ཡོད་ཟེར་རྒྱུ་དེ་དག་ཚང་མ་ཆེ་མཐོང་དགོས་ཀྱི་ཡོད་བརྗོད་ཀྱི་ཡོད་རེད། དེའི་ཐོག་ལ་ང་ཚོས་ནུས་པ་གང་འདྲ་སྤེལ་དགོས་རེད་ཅེ་ན། ཤེས་ཡོན་གལ་ཆེ་ཤོས་རེད། ཤེས་ཡོན་དང་དཔལ་འབྱོར། ཆོས། རིག་གཞུང་། སྐད་ཡིག་ཐོག་ནས་རང་ཁ་རང་གསོ་དགོས་པ་མ་ཟད། གང་སྤྱིའི་ཐོག་ནས་རང་ཁ་རང་གསོ་ཐུབ་པ་དགོས། འགའ་ཤས་ཀྱིས་ཉམས་ཞིབ་པའི་བརྗོད་བྱ་འཚོལ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག དེར་བརྟེན་ལྔ་དང་ལྔ་བཅུའི་སྟེང་ཉམས་ཞིབ་བྱས་ནའང་འགྲིག་གི་རེད།
བོད་ཕྱི་ལོ་ ༢༠༢༠ ཞུས་དགོས་དོན་གཙོ་བོ་དེ། ཕྱི་ལོ་ ༡༩༥༠ ལོར་རྒྱ་མིའི་དམག་མི་བོད་ནང་བསླེབས་པར་བརྩིས་ན། ཕྱི་ལོ་ ༡༩༥༠ ནས་ ༢༠༢༠ བར་བརྩིས་པས་ལོ་ ༧༠ ཆགས་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ལོར་བོད་ནང་འགོ་འཁྲིད་མཁན་དང་། འགན་འཁུར་གནང་མཁན་ལོ་བདུན་ཅུ་མན་རྣམས་ཀྱི་བོད་རང་བཙན་རྒྱལ་ཁབ་ཡིན་སྐབས་ཀྱི་ལུང་པ་མཐོང་མྱོང་མཁན་དང་ཉམས་མྱོང་ཡོད་མཁན་མེད་པ་ཆགས་ཀྱི་རེད། བཙན་བྱོལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཡིན་ནའང་དེ་ལྟར་རེད། ང་ཚོའི་དམིགས་ཡུལ་གཅིག་ནི། སྲོལ་རྒྱུན་གྱི་བོད་དང་། ལོ་རྒྱུས་ལྡན་པའི་བོད་བསྐྱར་གསོ་བྱེད་རྒྱུ་དེ་རེད། བོད་དངོས་སུ་མཐོང་མྱོང་མཁན་གཅིག་ཀྱང་མེད་པ་ཡིན་ན། འགོ་ཁྲིད་མཁན་གྱི་བོད་བསྐྱར་གསོ་བྱེད་ཆེད་བསམ་བློ་དང་། འགན་འཁུར་ག་འདྲ་འཁྱེར་དགོས་རེད།
དེ་ལྟར་བསམ་བློ་གཞི་བཞག་པའི་ཐོག་ནས་བོད་བསྐྱར་གསོ་བྱེད་ཀྱི་ཡིན་བརྗོད་རྒྱུ་ཙམ་མ་གཏོགས་སྔོན་མ་བོད་དེ་འདི་འདྲ་ཡོད་ཅེས་དངོས་སུ་མཐོང་པའི་ཉམས་མྱོང་ཐོག་ནས་བསྐྱར་གསོ་བྱེད་མཁན་མེད་པ་ཆགས་ཀྱི་རེད། འོན་ཀྱང་བོད་ནང་ཡོད་པའི་བོད་མི་ཚོར་བོད་བཙན་བཟུང་དང་། གདུག་རྩུབ་མནར་གཅོད་འོག་འཚར་ལོངས་བྱས་པའི་ཉམས་མྱོང་ཡོད། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོར་རང་གི་ལུང་པ་མེད་པར་སྐྱབས་བཅོལ་བ་ཡིན་པའི་ཉམས་མྱོང་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོ་མང་ཆེ་བ་རྒྱལ་ཁབ་དེ་དང་དེའི་མི་སེར་ཡིན་པའི་ཆ་རྐྱེན་ཡོད་ནའང་བོད་མི་ཞིག་ཡིན་པའི་ཉམས་མྱོང་ཐ་དད་གཅིག་ཡོད། ཕྱི་ལོ་ ༢༠༢༠ རྗེས་ཕྱི་རྒྱལ་དང་། བོད་ནང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་གསུམ་འཛོམས་པ་ཡིན་ན། སྐད་ཆ་ཤོད་པའི་སྐབས་སུ་ཁ་ཤས་ཀྱིས་རྒྱ་སྐད་དང་། ཧིན་སྐད། བོད་སྐད་བསྲེས་ཏེ་བརྒྱབ་པ་དང་། ཁ་ཤས་དབྱིན་སྐད་བརྒྱབ་སྟེ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་སྲིད། ཅེས་སོགས་ཀྱི་གསུང་བཤད་གནང་། །