༢༠༡༥ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༦ ཉིན་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཐེངས་བཞི་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། བོད་མི་མང་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་དང་ཚོགས་གཞོན་སྤྱི་ཟུར་སྨན་པ་ཐོགས་མེད་ལགས། རྡ་ས་ཁུལ་གྱི་གསོ་རིག་སྨན་པ་རྒན་གྲས་ཁག་གཅིག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཟུར་རྒྱུན་ལས་རྣམ་པ། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བལ་ཡུལ་དང་རྒྱ་གར་གྱི་ས་གནས་འདྲ་མིན་ནས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་ཁྱོན་མི་གྲངས་ ༢༤ ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་མཉམ་ཞུགས་གནང་བའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས། གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་གཏན་འཇགས་དེབ་སྐྱེལ་ལག་འཁྱེར་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་གྱིས་ལྷན་ཚོགས་ཀྱི་བོད་ཡིག་དྲ་རྒྱ་དབུ་འབྱེད་གནང་གྲུབ་བསྟུན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ངག་དབང་བཟོད་པ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་གྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན། ང་ཚོའི་རྩ་ཆེ་རིག་གཞུང་ཁོངས་ནས་གསོ་བ་རིག་པ་དེ་གལ་གནད་ཆེ་བའི་ནང་ནས་གལ་ཆེ་བ་ཞིག་རེད། དེར་བརྟེན་འདི་རྒྱུན་འཛིན་གནང་མཁན་དང་མི་ཉམས་གོང་སྤེལ་གནང་མཁན་གཙོ་བོ་ནི་འདིར་སློབ་སྦྱོང་གནང་མཁན་དང་། ཕྱག་བསྟར་གནང་མཁན་གྱི་སྨན་པ་ཚོ་རེད། དེ་བཞིན་སྤྱི་ཡོངས་ཐོག་ནས་འགན་བཞེས་མཁན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཡོད།
མི་རབས་འགྱུར་བ་ཕྱིན་འགྲོ་སྐབས་རྩ་ཆེའི་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ནས་མི་རབས་གཞོན་པ་ཚོར་རྩིས་སྤྲོད་བྱ་རྒྱུའི་བང་རིམ་དེ་ངས་ཞུ་མི་དགོས་པ་རེད། འདིར་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་པའི་ཐོག་དེ་རིང་ནས་ཉིན་དྲུག་རིང་ཟབ་ཁྲིད་ཀྱིས་གཙོས་སྤྱི་ཡོངས་ཀྱིས་ཐུགས་འགན་བཞེས་དགོས་པ་ཁག་ལྷན་ཚོགས་ཀྱིས་བཞེས་བཞིན་ཡོད། འདི་ལ་ཕྱར་གྲུ་མཉམ་འདེགས་ཞུ་མཁན་གཙོ་བོ་སྨན་པ་རྣམ་པ་ཚོ་ཆགས་ཀྱི་ཡོད། དེར་བརྟེན་གསོ་རིག་ལྷན་ཚོགས་ལ་སྨན་པ་རྣམ་པ་ཚོ་དགོས་ཀྱི་ཡོད་རེད་ལ། སྨན་པ་རྣམ་པ་ཚོར་གསོ་རིག་ལྷན་ཚོགས་དགོས་ཀྱི་ཡོད་སྟབས་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ་དེ་ངས་ཞུ་མི་དགོས་པར་ཐུགས་འགན་ཆེན་པོ་ཞིག་རེད་བསམ་གྱི་འདུག ད་བར་རྣམ་པ་ཚོས་ཧུར་ཐག་ཞུས་ཡོད། མ་འོངས་པར་ཡང་མུ་མཐུད་ཧུར་ཐག་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལ་འཛིན་སྐྱོང་དང་མཐུན་འགྱུར་ཇི་དགོས་འཕྲོད་བསྟེན་ལས་ཁུངས་ནས་ད་བར་གནང་བཞིན་ཡོད་པ་ལྟར་མ་འོངས་པར་གང་ཐུབ་ཅི་ཐུབ་ཞུ་རྒྱུ་ཡིན།
ལྷན་ཚོགས་ཀྱི་ཚོགས་གཙོ་ནས་ཉེ་ཆར་གྲོས་ཚོགས་ནས་བསྐྱར་བཅོས་གནང་བའི་ཁྲིམས་སྒྲིག་ཁག་སྙན་སྒྲོན་གནང་སོང་། འདིར་རྣམ་པ་ཚོས་ངེས་པར་དུ་ཐུགས་སྣང་གནང་རོགས། གཞི་རྩའི་སྨན་པ་ཞིག་ཡིན་པའི་ཆ་ནས་ཉིན་རེའི་ཕྱག་ལས་གཏན་གཏན་ཡོད་ངེས་རེད། འོན་ཀྱང་རྣམ་པ་ཚོ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་ལྷན་ཚོགས་ཀྱི་ཕྱག་ལས་གནང་དགོས་པ་དང་། དེའི་ནང་གཏན་ལ་ཕབ་པའི་ཡིག་ཆ་དང་ཁྲིམས། ཚོགས་མིའི་གནས་སྟངས་ཇི་འདྲ་ཞིག་འགྱུར་བ་འགྲོ་གི་ཡོད་མེད། རྩ་བའི་ལྷན་ཚོགས་ནས་ཡིག་ཐོག་འགྲེམས་སྤེལ་གནང་གི་ཡིན་གསུངས་སོང་། རྣམ་པ་ཚོས་ངེས་པར་དུ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། ལྷག་པར་ཐུགས་སྣང་གནང་བའི་བརྒྱུད་རིམ་ནང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མི་འཕོ་འགྱུར་ཕྱིན་པའི་སྐབས་སུ་གལ་ཆེ་ཤོས་དེ་མང་གཙོའི་འགྲོ་ལུགས་ལྟར་འོས་འདེམས་གྱི་ལམ་ནས་འགྲོ་བཞིན་ཡོད།
འདས་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་འོས་བསྡུ་གནང་སྐབས་སྐུ་ངལ་མང་དག་ཅིག་འཕྲད་ཡོད་པ་ངས་ཞུ་མི་དགོས་པར་རྣམ་པ་ཚོས་མཁྱེན་གསལ་རེད། འོན་ཀྱང་ད་བར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་དེ་དག་ཁུངས་སོ་སོ་ནས་ས་བཅད་མ་སྟོང་ཙམ་འདེམས་ཐོན་བྱུང་ཡོད། ད་ལྟའི་ཆར་ཁྲིམས་ཡིག་ནང་འགྱུར་བ་ཕྲན་བུ་ཕྱིན་པ་ཁག་འདི་ནས་གསལ་བཤད་གནང་བ་གཞིར་བཟུང་རྣམ་པ་ཚོའི་ཐུགས་ལ་ངེས་པར་དུ་འཇགས་གནང་རོགས།
ཉིན་གྲངས་དྲུག་རིང་གི་ཟབ་ཁྲིད་འདི་དགོངས་པ་ཆེ་བཞེས་ཀྱིས་གོ་སྒྲིག་ཞུས་ཡོད། ལྷན་ཚོགས་ཀྱི་དགོངས་པ་དང་། དམིགས་ཡུལ་ཡོད་པ་བཞིན། རྣམ་པ་ཚོ་ས་ཐག་རིང་པོ་ནས་འདིར་ཚོགས་བཅར་གནང་སྟེ་ཉིན་གྲངས་དྲུག་རིང་ཆ་ཤས་བཞེས་གནང་གི་ཡོད། རྩ་བའི་མཁས་དབང་མང་པོ་ཕེབས་ནས་རྣམ་པ་ཚོར་གཟིགས་རྒྱ་དང་། གསན་རྒྱ་གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་དམིགས་ཡུལ་བཟུང་ནས་གོ་སྒྲིག་གནང་བ་ཞིག་རེད། ཆུང་ས་ནས་ཞུས་པ་ཡིན་ན། ས་ཐག་རིང་པོ་ནས་ཕེབས་པའི་སྨན་པ་གཅིག་པ་ཕར་ཆུར་མཇལ་འཕྲད་གནང་བའི་སྐབས་སུ་ངོ་ཤེས་པ་དང་། བཀའ་མོལ་གནང་ནས་ཉམས་མྱོང་བརྗེ་རེས་ཞུས་ན་མི་འདུག དེ་འདྲའི་གོ་སྐབས་བཟང་པོ་ཞིག་ཐོབ་ཀྱི་ཡོད། མཐའ་དོན་རྣམ་པ་ཚོའི་ཉིན་གྲངས་དྲུག་རིང་གི་ཟབ་སྦྱོང་འདི་གང་ལེགས་ཡོང་བའི་ངས་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།ཞེས་སོགས་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཐོག་ནས་ཟབ་སྦྱོང་ཐེངས་བཞི་པ་དེ་གོ་སྒྲིག་ཞུས་ཡོད། དེར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་ཨཱ་ཡུཤ་ཆགས་ཡོད། དེས་གང་སྟོན་གྱི་ཡོད་ཅེ་ན། རྒྱ་གར་གཞུང་གི་ངོས་ནས་ཨཱ་ཡུཤ་ནང་བོད་ཀྱི་གསོ་བ་རིག་པ་དེ་ངོས་འཛིན་ཞུས་པའི་ཐོག་ནས་དེ་སྔོན་ང་ཚོས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞུས་ཀྱི་ཡོད་པ་དེ་ད་ཆ་སྒྲིག་གཞི་འགྱུར་བ་ཕྱིན་པའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་ངོས་ལེན་ཡོད་པ་ཞིག་བསྟན་གྱི་ཡོད། འདི་གལ་ཆེན་པོ་ཞིག་རེད། ད་ཟབ་སྦྱོང་གི་ནང་དོན་ཐོག་ནས་ང་རང་ཚོའི་བོད་སྨན་དང་།
དེ་བཞིན་ཕྱི་ལུགས་ཀྱི་སྨན་དང་རྩིས་ཀྱི་ཐོག་ངས་ཞུ་ཤེས་རྒྱུ་གང་ཡང་མེད། དེ་རིང་འདིར་ཟབ་སྦྱོང་གི་ཐོག་གསུང་བཤད་གནང་མཁན་མང་པོ ཞིག་སྨན་རྩིས་ཁང་གི་ནང་ཡུན་རིང་ནས་ཕྱག་ལས་གནང་མྱོང་མཁན་བགྲེས་པ་ཤ་སྟག་ཕེབས་ཡོད། གང་ལྟར་བར་ལམ་ང་ཚོས་ཚོགས་ཆུང་བཙུགས་དགོས་པའི་གནད་འགག་གཙོ་བོ་དེ་ཐོག་མ་སྒྲིག་གཞི་འདི་འདྲ་ཞིག་དགོས་ཀྱི་འདུག་ཅེས་སྨན་རྩིས་ཁང་ནས་བསམ་འཆར་ཡོང་བ་ཞིག་ཡིན་པ་དང་། དེར་འཛིན་སྐྱོང་བཀའ་ཤག་གི་བདག་པོ་བརྒྱབ་ཏེ་གྲོས་ཚོགས་ནང་བསླེབས་ནས་སྒྲིག་གཞི་འདི་འདྲ་ཞིག་གཏན་འབེབས་བྱས་པ་རེད། སྒྲིག་གཞི་གཏན་འབེབས་བྱེད་རྒྱུ་དེ་ཡང་དགོས་གལ་ཆེན་པོ་ཞིག་ལ་རྩིས་ནས་གཏན་འབེབས་བྱས་པ་ཞིག་རེད། སྨན་དང་རྩིས་ཀྱི་རིག་གཞུང་དེ་རིག་གནས་ནང་ནས་གལ་ཆེ་ཤོས་ཞིག་ལ་རྩི་བཞིན་ཡོད། གསོ་བ་རིག་པ་འདི་རིག་གནས་གལ་ཆེན་པོ་ཞིག་ངོས་འཛིན་པའི་ཐོག་ནས་དེ་རྒྱུན་གནས་བྱེད་རྒྱུ་ཙམ་མ་ཟད། ནུས་པ་ལྡན་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གསོ་བ་རིག་པའི་རིག་གནས་འདི་སྤྱིར་བོད་པ་གཅིག་པུར་བདག་པ་ཞིག་མིན། ཧི་མཱ་ལ་ཡའི་རི་རྒྱུད་དེ་དག་ཚང་མ་རིག་གཞུང་སོགས་གང་ཅིའི་ཐོག་ནས་ཐག་ཉེས་པོ་ཆགས་ཡོད། དེར་བརྟེན་ང་ཚོ་སྤྱི་ཡོངས་ཀྱི་ཐོག་ནས་དེ་གསོ་སྐྱོང་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་འགན་ཡོད། ཅེས་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་གོ་སྒྲིག་གནང་མཁན་རྣམས་ཀྱི་རེ་བ་ལྟར་ཉིན་དྲུག་རིང་གི་ཟབ་སྦྱོང་སྐབས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་གང་ཐུབ་སློབ་བྱེད་དགོས་བསམས་པའི་བསམ་བློ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་འདོན་ནས་མཛད་སྒོ་ལེགས་པར་གྲུབ།
ཐེངས་འདིའི་ཟབ་སྦྱོང་འདི་བཞིན་དེ་རིང་ནས་ཕྱི་ཚེས་ ༣༡ བར་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་དང་། སྐབས་དེར་གཙོ་བོ་གསོ་བ་རིག་པའི་གཞུང་དང་ལག་ལེན། བརྟག་ཐབས་དང་ནད་བཅོས། སྲིད་བྱུས་དང་ཉམས་ཞིབ། ཕྱི་ལུགས་ནད་གཞི་ངོ་སྤྲོདདང་ཟས་སྤྱོད་སྔོན་འགོག ཁྲིམས་སྒྲིག་ཁག་སོགས་བརྗོད་གཞི་ཁག་འདྲ་མིན་གྱི་ཐོག་ཚོགས་ཐེངས་ ༢༤ ཙམ་འཚོགས་རྒྱུ་ཡིན་འདུག
ཟབ་སྦྱོང་འདི་བཞིན་རྒྱ་གར་དབུས་ཨཱ་ཡུཤའི་བློན་ཆེན་ (Ministry of AYUSH) ལས་ཁུངས་ནས་གསོ་བ་རིག་པའི་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་རོགས་དངུལ་ཞུས་ཐོབ་བྱུང་བ་ཞིག་ཡིན་འདུག ཟབ་ཁྲིདགནང་མཁན་ཁོངས་སུ་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་དང་། སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་ལགས། སྨན་རམས་པ་ཆོས་ལོ་ཐར་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་ཟླ་གསལ་ལགས། དགེ་བཤེས་ལྷག་རྡོར་ལགས། སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་ལགས། སྨན་རམས་པ་ཚེ་རིང་ཐག་གཅོད་ལགས། སྨན་རམས་པ་ཚེ་རིང་ནོར་བུ་ལགས། སྨན་རམས་པ་སྤེན་པ་ཚེ་རིང་ལགས། སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས། སྨན་པ་ཆོས་ལྡན་ལགས། སྨན་རམས་པ་བསྟན་འཛིན་སྦྱིན་པ་ལགས། སྨན་པ་བྷུ་ཤན་པཊ་ཝརྜན་(Dr.Bhushan Patwardhan)ལགས། སྨན་པ་སུ་རེཤ་ཀེ་དར་ཏཱ་ཝལ་(Dr.Suresh K Dharttawal)ལགས་བཅས་ཡིན་འདུག