༢༠༡༥ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་ནེ་དར་ལེན་ཌིར་རྟེན་གཞི་བྱས་པའི་འགྲོ་བ་མི་བདེ་རྩ་ཚོགས་པའི་ཨི་སི་ཨེ་ཇེ་ E.C.H Eversdijk Smulders Stichingཡི་ཚོགས་གཙོ་ལྕམ་སྐུ་ཨི་དཱ་ཝཱན་གུ་ལིག་ Ida Van Gulik ལགས་དང་ཁོང་གི་སྐུ་ཟླ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ནང་སྲིད་དྲུང་ཆེ། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་འཆར་འགོད་ལས་བྱེད་བཅས་ཉེ་སྔོན་སྦིར་གཞིས་ཁོངས་སུ་བོད་ནས་གསར་དུ་འབྱོར་བའི་ཁྱིམ་ཚང་གྲངས་ ༧༢ ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་འགྲོ་མུས་དེར་གཟིགས་རྟོགས་ཆེད་ཕེབས་འདུག
བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཨི་དཱ་ཝཱན་གུ་ལིག་ལགས་ཀྱིས་དབུ་ཁྲིད་འོག་སྦིར་གཞིས་ཁོངས་སུ་སྡོད་ཁང་གསར་རྒྱག་དང་། བོད་མིའི་གཞིས་སྒར་ཁག་ལ་རང་བཞིན་འབྱུང་བའི་གནོད་འཚེ་ཕོག་པའི་དཀའ་ངལ་ལས་གྲོལ་ཆེད་ངལ་སེལ་རོགས་སྐྱོབ་དང་། དེ་བཞིན་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་གཞིའི་ཐད་མཐུན་འགྱུར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མཇལ་དར་ཕུལ།
དེ་རྗེས་སྦིར་ཁུལ་གྱི་གསོལ་མགྲོན་ཁང་ཞིག་གི་ནང་ལྷན་ཚོགས་གནང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་ད་ལྟའི་སྡོད་ཁང་གསར་རྒྱག་གི་ལས་གཞི་དེ་དག་མཇུག་སྐྱོང་ཆ་ཚང་ཐུབ་ཆེད་ཧིན་སྒོར་འབུམ་བརྒྱ་དང་ལྔ་བཅུ་ང་བརྒྱད་དང་ཉི་ཕྲི་བཞི་སྟོང་ ༡༥༨།༢༤ འདང་གི་མེད་སྐོར་ཞུས་འདུག སྐབས་དེར་ཨི་དཱ་ཝཱན་གུ་ལིག་ལགས་ཀྱིས་ཐེངས་བཞི་པའི་རྒྱུན་ལས་ཚོགས་འདུའི་ནང་གནད་དོན་དེའི་སྐོར་གླེང་རྒྱུའི་ཁས་ལེན་གནང་བ་མ་ཟད། རྒྱུན་ལས་ལྷན་ཚོགས་སྐབས་ཐག་གཅོད་གང་བྱུང་བ་རྣམས་ནང་སྲིད་ལས་ཁུངས་ལ་བརྡ་ལན་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
སྤྱིར་སྦིར་གཞིས་ཁང་གསར་རྒྱག་གི་ལས་གཞི་དེར་ཁྱོན་འགྲོ་གྲོན་ཧིན་སྒོར་འབུམ་བདུན་བརྒྱ་དྲུག་ཅུ་རེ་བརྒྱད་དང་དྲུག་ཕྲི་བཞི་སྟོང་ ༧༦༨།༦༤ ཡིན་འདུག ཨི་སི་ཨེ་ཇེ་ཚོགས་པས་ཧིན་སྒོར་འབུམ་ ༤༣༢ སྡོད་གནས་གསར་རྒྱག་དེའི་ཆེད་གནང་རྒྱུའི་ཁས་ལེན་གནང་ཟིན་ཡོད་འདུག
ལྷན་ཚོགས་གྲོལ་རྗེས་བཀའ་བློན་མཆོག་དང་ཁོང་རྣམ་གཉིས་ལས་གཞི་དེར་གཟིགས་ཞིབ་ཆེད་བཅར་སྐབས་ས་གནས་མང་ཚོགས་རྣམས་ཀྱིས་དགའ་བསུའི་མཇལ་དར་ཕུལ་ཏེ། འགྲོ་བ་མིའི་བདེ་རྩ་ཚོགས་པས་སྦིར་བོད་འབྱོར་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་འདུག་པ་བཅས། །