༢༠༡༥ ཟླ་ ༡༠ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་(Rapperswil-Jona) ཞེས་པའི་ས་གནས་ཟ་ཁང་ཞིག་ཏུ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་རིང་མིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་འོས་བསྡུའི་སྒྲིག་གཞི་སྐོར་དང་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཛུ་རིཀ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་འོས་བསྡུའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག དེ་ནས་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་གཙོས་ས་གནས་འོས་བསྡུའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས། སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན། ས་གནས་འཐུས་མི་རྣམ་པ། ས་གནས་འོས་བསྡུའི་ཚོགས་མི་རྣམ་པ། གཟུ་དཔང་རྣམ་པ་བཅས་མཉམ་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་ཆབས་ཅིག ས་གནས་འོས་བསྡུའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་དང་སྒྲིག་གཞི་དོན་ཚན་ཁག་གི་ནང་ཁ་གནོན་ཇི་བྱུང་སྐོར་དང་། འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་གནང་ཡོད།
ཕྱེད་ཡོལ་ཆུ་ཚོད་ ༡།༠༠ ཐོག་མི་མང་གྲངས་ ༡༥༠ བརྒལ་བ་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་ཆབས་ཅིག སུད་སི་དང་། ལིཀ་ཏེན་སིཊཡན་གྱི་ས་གནས་འོས་བསྡུའི་ལས་ཁུངས་ནས་ད་བར་འོས་བསྡུ་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་། དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་གྲུབ་རྗེས། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། ༸གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡང་དག་པའི་ལམ་བུར་འཁྲིད་གནང་མཛད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་གི་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ལ་བརྩིས་སྤྲོད་མཛད་ཡོད་སྐོར་སོགས་གསུངས། དེ་བཞིན་མི་མང་གིས་འོས་བསྡུའི་དེབ་སྐྱེལ་དང་གནད་དོན་གཞན་སྐོར་གྱི་དྲི་བར་ལན་འདེབས་གནང་། མཐར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།