ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་གནས་སྡོད་བོད་མི་རྣམས་ལ་དང་བླངས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བཀའ་བློན་མཆོག་གི་ཁུལ་དེའི་བོད་མི་རྣམས་ལ་གསུང་བཤད་གནང་དོན། རྒྱ་ཆེའི་མི་མང་རྣམས་ནས་བོད་མིའི་སྒྲིག་འཛུགས་ལ་དང་བླངས་དཔྱ་དངུལ་ཕུལ་རྒྱུ་དེ་རྡ་སའི་བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་དང་སྦྱིན་པ་བཏང་བའི་བཟོ་ལྟ་བུ་གང་ཡང་མིན། དེར་བརྟེན་རྣམ་པ་ཚོས་དང་བླངས་དཔྱ་དངུལ་འབུལ་སྐབས་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་རྩ་དོན་ཆེད་དུ་འབུལ་གྱི་ཡོད་པའི་ངོ་བོའི་ཐོག་ནས་གནང་རྒྱུ་དེ་གལ་ཆེན་པོ་རེད། དེ་ཡང་སྤོབས་སེམས་ལྡན་པའི་ཐོག་ནས་ཕུལ་དགོས་པ་ཡིན།
བོད་མིའི་སྒྲིག་འཛུགས་ངོས་ནས་ཡིན་ཡང་བོད་མི་མང་ཚོགས་ཀྱིས་ཕུལ་བའི་དངུལ་འབབ་དེ་ང་ཚོས་རྩ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་རྩ་ཆེར་བརྩིས་པ་རེད་ལ་ད་ཆའང་རྩ་ཆེར་རྩི་བཞིན་ཡོད། དེ་བཞིན་མ་འོངས་པར་ཡང་རྩ་ཆེར་བརྩི་རྒྱུ་རེད། རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འགྲོ་གྲོན་དེ་ས་ཡ་ཉིས་སྟོང་བརྒྱད་རེད། དང་བླངས་དཔྱ་དངུལ་ཕུལ་བ་དེར་སྒོར་ས་ཡ་བརྒྱ་ལྷག་ཙམ་རེད། ས་ཡ་ཉིས་སྟོང་བརྒྱད་ནས་ས་ཡ་བརྒྱ་ཐེན་པ་ཡིན་ན། ས་ཡ་ཆིག་སྟོང་དགུ་བརྒྱ་ཕྱིའི་རོགས་རམ་ནས་ཡོང་བཞིན་ཡོད། ང་ཚོ་ལས་ཀ་བྱེད་མཁན་ཚོས་ས་ཡ་ཆིག་སྟོང་དགུ་བརྒྱ་དེ་ལས་ས་ཡ་བརྒྱ་དེ་གནད་འགག་ཆེ་བར་རྩི་བཞིན་ཡོད། མང་ཚོགས་ཀྱི་ཆབ་སྲིད་དང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཕྱག་དངུལ་ཕུལ་བ་ཞིག་ཡིན་སྟབས། དེ་དག་ཆུད་ཟོས་སུ་མི་འགྲོ་བ་བྱེད་རྒྱུར་ཤ་ཁུ་ཤ་ཐིམ་གཏོང་དགོས་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད།
སྤྱིར་ང་ཚོར་རྒྱལ་ཁབ་རང་བཙན་པ་ཡིན་པ་ལྟ་བུའི་ཐ་སྙད་བེད་སྤྱོད་བྱེད་རྒྱུའི་ཆ་རྐྱེན་མེད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་། རྒྱལ་ཁབ་བཅུ་གཅིག་ནང་ང་ཚོའི་སྐུ་ཚབ་དོན་གཅོད་ཡོད། མི་ཁག་གཅིག་གིས་སྐུ་ཚབ་དོན་གཅོད་དེ་དག་གཞུང་ཚབ་ཀྱི་ངོ་བོར་ལྟ་བཞིན་ཡོད། དེ་ལྟ་བུའི་གནས་ཚུལ་རྣམས་མཁྱེན་པའི་ཐོག་ནས་དང་བླངས་དཔྱ་དངུལ་འབུལ་རྒྱུར་སྤྲོ་བ་དང་ལྡན་པའི་ཐོག་ནས་ཕུལ་དགོས་པ་ལས་འཕང་སེམས་དང་དཀའ་ངལ་ལ་བསམ་བློ་བཏང་སྟེ་ཕུལ་བ་ཡིན་ན་མི་འགྲིག་པར་གནད་འགག་ཡོད་པ་དེ་དག་དགོངས་པར་འཇགས་རོགས་ཞུ་རྒྱུ་ཡིན།
དེ་ལྟར་འཛིན་སྐྱོང་བཀའ་ཤག་ངོས་ནས་བོད་མི་ཚང་མས་དང་བླངས་དཔྱ་དངུལ་འབུལ་རྒྱུ་དེ་གལ་ཆེན་པོ་རྩི་བཞིན་ཡོད་ལ་འབོད་སྐུལ་ཡང་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་བ་མ་ཟད་ད་རེས་འདིར་ཡོང་ནས་རྣམ་པ་ཚོར་དང་བླངས་དཔྱ་ཁྲལ་ལག་དེབ་བཟོ་གཅོས་རྒྱག་རྒྱུ་སོགས་ཀྱི་དཀའ་ངལ་ག་རེ་ཡོད་ཀྱང་གང་ཐུབ་སེལ་ཐབས་བྱེད་རྒྱུ་ཡིན། ཞེས་སོགས་ཀྱི་གསུངས་བཤད་གནང་ཡོད།།