ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༦ ཉིན་འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ ཉིན་བོད་མདོ་སྨད་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དགུ་པ་དེ་བཞིན་དབུ་འཛུགས་གནང་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༠༧ ལོར་གསར་དུ་བཙུགས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་བཞིན་ཀིརྟི་ཚང་གི་གདན་ས་ཆེ་ཁག་༼སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན།༽བཞི་ལ་ལོ་ལྟར་རེས་མོས་ཀྱི་འཚོགས་བཞིན་ཡོད་ཅིང་། འདི་ནི་ཀིརྟིའི་དགོན་ཁག་གིས་གཙོས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སློབ་གཉེར་པ་རྣམས་ཀྱི་རྩོད་རིགས་ཡར་རྒྱས་དང་རྒྱ་བོད་ཀྱི་ཚད་མའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་པ་རྒྱ་ཆེན་པོ་གནང་ཐུབ་ཐབས་ཁོ་ནར་དམིགས་པའི་ཚད་མའི་ཆོས་ཐོག་ཅིག་ཡིན།
ཕྱི་ལོ་༢༠༠༧ ལོར་ཀིརྟིའི་དགོན་ཁག་གི་དགེ་འདུན་པ་སུམ་སྟོང་ལྷག་གི་སྟེང་མདོ་དབུས་ཁམས་གསུམ་གྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་བརྒྱ་ཕྲག་མང་པོ་གདན་ཞུས་ཀྱིས་ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཚོགས་ཤིང་། དེ་ནས་བཟུང་རྔ་པ་ཀིརྟིའི་དགོན་དང་། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཅས་སུ་ལོ་རེ་བཞིན་རེས་མོས་ཀྱིས་ཚོགས་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོགས་གཞི་སྣ་ཚོགས་ལ་ཁ་གཡར་ནས་ཐེངས་མང་པོར་བཀག་འགོག་བྱས་རྐྱེན་འཆར་གཞི་དང་འགྲོ་ལུགས་ཇི་བཞིན་གྱི་རྒྱས་པ་ཞིག་ཐེངས་གཅིག་གཉིས་ཤིག་ལས་ཚོགས་ཐུབ་མེད་ཀྱང་། ཐེངས་འདིར་ད་སྔ་དམིགས་གསལ་འགོག་རྐྱེན་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་མེད།
ཆོས་ཐོག་འདི་ནི་ཉིན་གྲངས་ཉི་ཤུའི་རིང་འཚོགས་བཞིན་པའི་ཉི་ཤུའི་ཆོས་ཐོག་ཅིག་ཡིིན་ལ། དེར་ཕེབས་སློབ་གཉེར་བ་རྣམས་ཕྱོགས་སྒྲའི་འཛིན་གྲྭ་ནས་བདེན་གཉིས་འཛིན་གྲྭའི་པར་འཛིན་གྲྭ་བཅུ་གཉིས་ལ་ཁག་བགོས་དང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་དགུན་ཆོས་ཀྱི་ཉིན་མཐའ་མ་སྟེ་བོད་ཟླ་དགུ་བའི་ཚེས་༢༢ལྷ་བབ་དུས་ཆེན་གྱི་མཚན་མོར་མཚན་ཕུད་དམ་བཅའ་ཆེན་མོ་བཅས་ཚོགས་ཀྱིན་ཡོད་འདུག ད་ལོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་གྱི་ཁྲི་རིན་པོ་ཆེས་དབུས་ལས་ཀྱི་སྣེ་མོ་བ་རྣམ་པ་དང་ཚད་མའི་དགུན་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་། གཞན་ཡང་དགོན་པའི་སྦྱིན་བདག་དད་ལྡན་མང་ཚོགས་བཅས་ཀྱིས་ཉི་ཤུའི་ཆོས་ཐོག་འདིའི་རིང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ཡུལ་དང་ཞལ་ལག་སོགས་གོ་སྒྲིག་གང་ལེགས་གནང་བཞིན་ཡོད་པར་མ་ཟད། སློབ་གཉེར་བ་ཚོར་དཔེ་ཁྲིད་གནང་མཁན་གྱི་དགེ་རྒན་སོགས་ཀྱིས་སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་གོ་སྒྲིག་བྱས་ཡོད་འདུག
ཐེངས་འདིའི་ཚད་མའི་དགུན་ཆོས་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་གའི་ཁྲི་པ་དང་། མཁན་པོ། དཔེ་ཁྲིད་དགེ་རྒན་དང་སློབ་གཉེར་བ་རྣམ་པ། དེ་མིན་མདོ་སྟོད་སྨད་ནས་ཕེབས་པའི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ ༣༦ ཙམ་གྱི་དགེ་བཤེས་དང་རིགས་པ་སྨྲ་བ་བཅས་ཁྱོན་དགེ་འདུན་ཞལ་གྲངས་ཉིས་སྟོང་ལྷག་འཛོམས་ཡོད་འདུག
ཐེངས་འདིའི་དགུན་ཆོས་ཚོགས་ཡུལ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི། སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང་། དགོན་སྡེ་འདིར་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་སའི་མཚན་ཉིད་གྲྭ་ཚང་དང་། གསང་སྔགས་རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། སྔོན་འགྲོའི་རིག་གནས་སློབ་གཉེར་ཁང་བཅས་སུ་ད་ལྟ་དགེ་འདུན་ཞལ་གྲངས་ ༡༠༠༠ ལྷག་ཡོད་པའི་མདོ་སྨད་ལྷོ་རྒྱུད་ཀྱི་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེ་ཤོས་ཤིག་ཡིན་འདུག་པ་བཅས། །