༢༠༡༥ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཇ་སི་ཊིན་ཏུ་རུ་དོ་ Justin Trudeau མཆོག་ཉེ་ལམ་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་གསར་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། མགོན་པོ་གང་ཉིད་མཆོག་འདས་པའི་ལོ་མང་རིང་ཡུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་སྐྱེ་བོ་མཆོག་དམན་བར་གསུམ་དབྱེ་བ་མེད་པར་ཚང་མས་ཧ་ཅང་མཛའ་བརྩེའི་རྣམ་འགྱུར་དང་། སེམས་ཐག་ཉེ་པོའི་ཐོག་ནས་གྲོགས་པོ་ཞིག་གི་འདུ་ཤེས་འཛིན་པ་དེར་ཐུགས་འགུལ་ཧ་ཅང་ཐེབས་གནང་མཛད་སྐོར་དང་།
ལྷག་པར་ཕྱི་ལོ་ ༡༩༧༠ སྐབས་ནས་བཟུང་ཁེ་ན་ཌའི་སྲིད་གཞུང་གིས་བཟང་སྤྱོད་གཞི་རྩར་བཟུང་སྟེ་ཡུལ་དེའི་ནང་བོད་མི་སྐྱབས་བཅོལ་བ་གནས་སྤོས་བྱ་རྒྱུའི་ལས་འཆར་དང་དུ་བླངས་ནས་ལག་བསྟར་གནང་བ་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་དྲིན་རྗེས་དྲན་ཞུ་གནང་མཛད་བཞིན་པ་དང་། བོད་མི་དེ་དག་གིས་ཀྱང་ཁེ་ན་ཌའི་ཡུལ་གྱི་སྤྱི་ཚོགས་ཀྱི་རིག་གནས་ཕྱུག་ཏུ་གཏོང་རྒྱུར་ཞབས་འདེགས་ཕྲན་བུ་བསྒྲུབས་དང་སྒྲུབ་མུས་ཡིན་པའི་གཟིགས་ཚུལ་བྱུང་བ་དེར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་།
གཞན་ཡང་༸གོང་ས་མཆོག་གིས་ཐེངས་འདིར་སྐུ་ཞབས་ཇ་སི་ཊིན་ཏུ་རུ་དོ་མཆོག་ལ་ Justin Tredeau འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཁོང་ཡང་ཡབ་དམ་པ་ལྟར་ཡུལ་དེའི་སྲིད་བློན་དུ་འདེམས་ཐོན་བྱུང་བ་དེར་གལ་ཏེ་ཡབ་དམ་པ་མཆོག་སྐུ་འཚོ་བཞུགས་ཡོད་ཚེ། དགའ་སྤོབས་ཧ་ཅང་སྐྱེ་ངེས་པ་དང་། སྲིད་བློན་གསར་པ་མཆོག་གིས་ལས་ཡུན་རིང་ལས་དོན་མཐའ་དག་འགེག་མེད་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་འདུན་མཛད་ཡོད།