ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་བོད་མིའི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་གནད་དོན་ཐོག་ཉན་ཞིབ་གནང་འདུག ཉན་ཞིབ་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་མཆེད་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་ཐག་བཅད་པ་དང༌། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་དང་། མཐར་བཙོན་ཁང་ནང་གློ་བུར་དུ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་སྐབས་ཁོང་གི་སྐུ་ཕུང་ཡང་ནང་མིར་རྩིས་སྤྲོད་མ་བྱས་པར་གསང་བའི་ཐོག་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། ལི་ཐང་ཁུལ་གྱི་ས་གནས་བོད་མི་ཚོས་རིན་པོ་ཆེའི་སྐུ་ཕུང་བཞུགས་འབུལ་ཆེད་ནང་མིར་རྩིས་སྤྲོད་དགོས་པའི་ཞུ་འབོད་བྱེད་སྐབས་ཁོང་ཚོའི་སྟེང་མེ་མདའ་བརྒྱབ་པ་སོགས་དྲག་གནོན་བྱས་པའི་སྐོར་སོགས་གསལ་བཤད་གནང་འདུག
དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་ཨ་རི་དང་ཡུ་རོབ་གཉིས་ལ་བོད་ནང་གི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཆེད་ཐུགས་འགན་བཞེས་དགོས་པ་དང༌། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འཚམས་གཟིགས་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་དོན་གླེང་སློང་དགོས་པའི་འབོད་བསྐུལ་ཡང་ཞུས་འདུག
རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༢ ལོར་ཁྲིན་ཏུའི་གྲོང་ཁྱེར་ནང་གི་འབར་རྫས་གས་འཐོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་རེད། དེ་ནས་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་བཅད་བཏང་བ་དང༌། ལོ་གསུམ་གྱི་རྗེས་སུ་སྲོག་ཐོག་ནས་ཚེ་བཙོན་ལ་བསྒྱུར་ནས་བཙོན་ཁང་ནང་ལོ་ ༡༣ བཞུགས་དགོས་པ་བྱུང་ཡོད། བཙོན་ཁང་ནང་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་པར་བརྟེན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་ལ་སྨན་བཅོས་ཆེད་གློད་བཀྲོལ་དགོས་པའི་ཞུ་གཏུགས་ལན་མང་བྱས་ཀྱང༌། རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་མཐར་འདི་ལོ་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་གློ་བུར་དུ་བཙོན་ཁང་ནང་དགོངས་པ་རྫོགས་ཡོད། བཙོན་ཁང་ནང་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་རྒྱུ་མཚན་ཐད་མི་སྣ་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་དོགས་གཞི་ཆེན་པོ་བྱེད་བཞིན་ཡོད། །