༢༠༡༥ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་འདུག
དེ་ཡང་གོང་ཚེས་ཉིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཟུང་འབྲེལ་ཐོག་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གསུང་དོན། ང་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་ཡོད་ནའང་། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དང་། ༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་སྐུལ་མ་བྱེད་བཞིན་ཡོད། ཅེས་གསུངས་ཡོད།
ཨ་རིའི་སྲིད་འཛིན་མཆོག་གིས་ཨ་རི་གཞུང་གི་ངོས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་དམངས་ཀྱི་ཐོབ་ཐང་། འདུ་འཛོམས་རང་དབང་དང་། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་། ཆོས་དད་རང་དབང་བཅས་ཀྱི་ཐོག་འགྱུར་བ་གང་ཡང་མེད་པར་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཡོད་པ་བསྐྱར་བརྗོད་གནང་འདུག
དེ་བཞིན་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་གིས་གསར་འགོད་པ་དང་། ཁྲིམས་རྩོད་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་ལ་རང་དབང་གི་སྒོ་ནས་ལས་འགུལ་སྤེལ་མ་བཅུག་པ་དང་། ཡེ་ཤུའི་ལྷ་ཁང་སྒོ་རྒྱག་རྒྱུ་དང་གྲངས་ཉུང་མི་རིགས་ཚོར་ཐོབ་ཐང་སྤྱི་མཚུངས་མ་སྤྲད་པ་དེ་ནི་དཀའ་རྙོག་ཅན་ཞིག་ཡིན་པ་མ་ཟད། དེས་རྒྱ་ནག་དང་རྒྱ་ནག་མི་མང་གི་ནུས་པ་ཕྱིར་འདོན་བྱེད་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་གསུངས་འདུག
ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ཐུགས་འཕྲད་སྐབས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པའི་སྐུལ་མ་བྱས་པ་ཐེངས་དང་པོ་ཆགས་མེད་ཅིང། དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཡང་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་ལྷན་ཚོགས་སྐབས་ཀྱང་༸གོང་ས་མཆོག་དང་ཁོང་གི་སྐུ་ཚབ་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་གནང་དགོས་པའི་སྐུལ་མ་ཡང་གནང་མྱོང་ཡོད།
ཕྱི་ལོ་ ༢༠༡༠ ཟླ་ ༢ དང་ཕྱི་ལོ་ ༢༠༡༡ ཟླ་ ༧ དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༢ བཅས་སོ་སོར་ཨ་རིའི་སྲིད་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་ནན་བརྗོད་གནང་ཡོད།