ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཡུན་ལོ་གཅིག་རེ་ཡིན་པ་བཞིན་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༡ ཉིན་རྒྱུན་ལས་གསར་པ་ཕེབས་ཀྱི་ཡོད་པ་ལྟར་འདི་ལོ་ཡང་འཕོ་ལེན་གནང་ཡོད།
འོན་ཀྱང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་སློབ་གཉེར་དང་ཕྱག་ལས་གཞན་གྱི་སྟབས་ཀྱིས་སྐབས་དེར་འཕོ་ལེན་གནང་མ་ཐུབ་སྟབས། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ཀྱིས་ཟླ་ཤས་རིང་མུ་མཐུད་རྒྱུན་ལས་གནང་ཞིང། ད་ཆ་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༡ ནས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་རྣམ་གཉིས་ཕེབས་རྒྱུ་ཡིན་སྟབས། རྒྱུན་ལས་ཚོགས་མི་ལས་འཁྱུར་རྣམ་གཉིས་ལ་ཕེབས་སྐྱེལ་ཆེད་ ༢༠༡༥ ཟླ་ ༩ ཚེས་ ༢༩ ཉིན་ཕྱེད་ཡོལ་ཚོུད་ ༣ པ་ནས་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་རྒྱུན་ལས་ལྷན་འཛོམས་ཐོག་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་དང། མཇལ་དར་རེ་སྒྲོན་འབུལ་གནང་སྟེ། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམ་གཉིས་རྒྱུན་ལས་ཀྱི་ལས་རྒྱུན་རིང་ཕྱག་ལས་རུ་ངར་ཞིབ་ཚགས་ཀྱིས་གནང་སྐོར་དང་། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་།
རྩ་བའི་རྒྱུན་ལས་ཚོགས་མི་རྣམ་པའི་ལས་རྒྱུན་ལོ་གཅིག་ཡིན་ནའང། སྤྱི་འཐུས་རྣམ་པའི་རྒྱུན་གྱི་རང་རང་ཕྱག་ལས་དང་སྟབས་བསྟུན་དགོས་པ་སོགས་གནས་སྟངས་སྣ་ཚོགས་དབང་གིས་སྤྱི་འཐུས་རྣམ་པ་འགའ་ཤས་རྒྱུན་ལས་ཀྱི་ཚོགས་མིར་ལོ་ཤས་བསྟུད་མར་བཞུགས་པའང་ཡོང་གི་ཡོད། ད་དུང་སྤྱི་འཐུས་རྒྱུན་ལས་ཀྱི་འགན་དབང་སོགས་ཞིབ་པ་མཁྱེན་འདོད་མཆིས་ཚེ། “བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་” བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་སྟེང་ཡོད་པས་དེར་གཟིགས་གནང་ཞུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣༠ ལ།།