ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༥ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད། དེ་ཡང་ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་སྒྲིལ་ལ་ཉེ་བ་རེད། ད་རེས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་དགོངས་སེལ་ཞུ་རྒྱུ་ཞིག་ནི། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་ཞུས་པའི་སྐབས་སུ་ནམ་རྒྱུན་ཡིན་ན། སྤྱི་འཐུས་བསླབ་པ་རྒན་གཞོན་གཞིར་བཟུང་སྒྲིག་གི་ཡོད། ད་རེས་བསླབ་པ་རྒན་གཞོན་ཏག་ཏག་ཅིག་སྒྲིག་ཐུབ་མི་འདུག མ་འོངས་པར་མང་པོ་ཞིག་གིས་འདི་ལ་གཟིགས་པའི་སྐབས་སུ་འདིའི་སྐབས་སུ་ནོར་འཁྲུལ་འདི་བྱུང་འདུག ཅེས་ཞུ་དགོས་པ་མ་ཡིན་པར། མ་འོངས་པར་བསླབ་པ་རྒན་གཞོན་ཐོག་ནས་སྒྲིག་དགོས་རྒྱུ་གལ་ཆེན་པོ་རེད། འདི་ལ་དགོངས་སེལ་ཞུ་རྒྱུ་ཡིན།
ད་རེས་གྲོས་ཚོགས་ཀྱི་ལས་རིམ་ནང་ཁ་སྔོན་དབུ་འབྱེད་ཀྱི་གཏམ་བཤད་ནང་ཞུས་པ་ནང་བཞིན། ཕྱི་ལོ་ ༢༠༠༨ ནས་ད་བར་གྲོས་ཚོགས་ག་དུས་འགོ་བཙུགས་པ་ཡིན་ན་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་བཏོན་ཡོད། ལྷག་པར་བོད་ནང་གི་གནས་སྟངས་དེ་ད་དུང་ཡིན་ནའང་ཛ་དྲག་པོ་གནས་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ངོས་ནས་འདི་དང་འབྲེལ་བའི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་ལའང་ཐུགས་ཁུར་ཆེན་པོ་བཞེས་ནས་གསུང་བཤད་གནང་བ་རེད།
དེང་སྐབས་གྲོས་ཚོགས་ལ་དོ་སྣང་གནང་མཁན་མང་དུ་ཕྱིན་ཡོད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་ང་ཚོའི་གྲོས་ཚོགས་ལས་རིམ་ལ་དོ་སྣང་ཏན་ཏན་བྱེད་ཀྱི་ཡོད་པ་ཞིག་ལ་ངོ་འཛིན་བྱེད་བཞིན་ཡོད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བོད་ནང་དུ་ཛ་དྲག་གི་གནས་སྟངས་དང་བསྟུན་ནས་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ནང་མཉམ་ཞུགས་གཏམ་བཤད་གནང་བ་དེ་ཐུགས་འགན་ཆེན་པོ་བཞེས་ཡོད། ང་ཚོའི་ངོས་ནས་རྒྱ་ནག་ལ་ཡིན་ནའང་བརྡ་ལན་ཏག་ཏག་ཅིག་སྤྲད་ཐུབ་ཡོད། ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་ག་འདྲ་རེད། སྤྱིའི་གནས་སྟངས་ག་འདྲ་རེད། བྱེ་བྲག་གི་གནས་སྟངས་ག་འདྲ་རེད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་གནས་བབས་ག་འདྲ་རེད། དེ་བཞིན་རྒྱབ་ཤ་དཀར་པོའི་ཐོག་ལ་ལྟ་སྟངས་ག་འདྲ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་སྐོར་ཐོག་ང་ཚོས་ལྟ་སྟངས་ག་འདྲ་རེད། དེ་དག་ཆ་ཚང་གི་ཐོག་ནས་ངོ་འཕྲོད་པ་ཞིག་དང་། བརྡ་འཕྲོད་པ་ཞིག་བྱུང་ཡོད་པར་ངོས་འཛིན་ཞུས་ཀྱི་ཡོད།
རྗེས་དྲན་གྲོས་འཆར་ཐོག་གྲོས་ཚོགས་ཚོགས་པའི་སྐབས་སུ་སྤྱི་འཐུས་འགའ་ཤས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཟུར་དུ་བསྣམ་ཕེབས་དགོས་སྐོར་གསུངས་སོང་། འདི་སྐོར་སྤྱི་འཐུས་རྒྱུན་ལས་ནང་བཀའ་མོལ་ཞུས་པ་ཡིན། རྩ་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བྱས་རྗེས་དངོས་གནས་དྲང་གནས་གཞན་དང་མི་འདྲ་བ་ཆེན་པོ་རེད། ཉེས་མེད་ཉེས་འདོགས་ཀྱི་ཐོག་ནས་བཙོན་ཁང་ནང་ལོ་མང་པོ་ལྷག་དགོས་པ་དང་། བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་འདི་འདས་གྲོངས་རང་བཞིན་གྱི་ཕྱིན་པ་རེད་དམ། ག་འདྲ་བྱས་ནས་འདས་གྲོངས་སུ་ཕྱིན་པ་རེད། ཅེས་དྲི་བ་ཆེན་པོ་ཞིག་བྱུང་བ་རེད། འདི་དང་འབྲེལ་བའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཁབ་མང་པོར་ཕྱག་བྲིས་ཕུལ་བ་རེད། ཕྱག་བྲིས་ཕུལ་བའི་ལན་རྒྱལ་ཁབ་མང་པོ་ཞིག་གིས་ཚུར་འབྱོར་བྱུང་། ལྷག་པར་རྒྱལ་ཁབ་དེ་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆོས་དད་རང་མོས་ཀྱི་གནས་སྟངས་ཐོག་ཐུགས་ཚབ་ཆེན་པོ་ཡོད།
དུས་རྒྱུན་དུ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་པའི་སྐབས་སུ་བོད་ནང་གི་གནས་སྟངས་ཐོག་བགྲོ་གླེང་བྱེད་ཀྱི་ཡོད། ཅེས་སེམས་ཚབ་ཆེན་པོའི་ཐོག་ནས་ལན་དེ་འདྲ་མང་པོ་འབྱོར་བྱུང་། དེར་བརྟེན་ད་ལམ་གྲོས་ཚོགས་ནང་ཟུར་དུ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་མི་དགོས་པར་རང་ལུས་མེར་སྲེག་གནང་མཁན་ཚོ་ཡིན་ནའང་། བློས་བཏང་ཆེན་པོའི་ཐོག་ནས་བློས་བཏང་ཡོད་ཚད་མེད་ཚད་སོ་སོའི་སྲོག་དེ་རེད། དེ་བློས་བཏང་བར་བརྟེན་དེ་དང་མཉམ་དུ་འཐུས་པ་བྱས་པ་ཡིན། དེ་མིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཆེ་མཐོང་མ་ཕུལ་བའི་གནས་སྟངས་དེ་འདྲ་གང་ཡང་མིན། ཞེས་ཞུ་རྒྱུ་ཡིན།
དེ་བཞིན་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྐབས་སུ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱབ་ཤ་དཀར་པོའི་ཐོག་ལ་བཀའ་ཤག་གིས་གསལ་བཤད་ནང་ལ་གསུངས་པ་དེ་ཡིན་ནའང་རེད། དེ་ཚོའི་གནས་སྟངས་དེའི་འོག་ནས་རྒྱ་ནག་ངོས་ནས་རྒྱབ་ཤ་དཀར་པོ་གང་འདྲ་ཞིག་བཏོན་པ་ཡིན་ནའང་རྒྱ་ཆེན་པོ་བཀྲམ་ནས་འགྲོ་གི་ཡོད། དེ་འདྲ་ཡིན་པར་སོང་། ང་ཚོ་བོད་མིའི་སྒྲིག་འཛུགས་ངོས་ནས་གཞུང་དང་གྲོས་ཚོགས། དེ་བཞིན་ཕྱི་སྲིད་ལས་ཁུངས་དེ་དང་འབྲེལ་ཡོད་ཀྱི་སྡེ་ཚན་ཁག་གང་འདྲ་ཞིག་ཡོད་ནའང། གང་ལྟར་འབྲེལ་ཡོད་སྒྲིག་འཛུགས་ངོས་ནས་ལན་འདེབས་སྐྱོན་པ་དེ་གང་རྒྱ་ཁྱབ་ཆེ་བ། གང་རྒྱ་ཆེ་ཆེ་ཞིག་བཀྲམ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག ཚོགས་གཙོས་སླར་ཡང་གྲོས་ཚོགས་ནང་གསུངས་པ་དེ་ལ་རྒྱབ་སྐྱོར་དང་འབྲེལ་འཛིན་སྐྱོང་བཀའ་ཤག་ལ་འབོད་སྐུལ་ཞུ་རྒྱུ་ཡིན། རྩ་བའི་མ་གནང་བ་དེ་འདྲ་མ་རེད། འོན་ཀྱང་ཤུགས་ཆེ་ཙམ་གནང་དགོས་པ་འདི་གལ་ཆེན་པོ་འདུག དོན་གཅོད་ཁག་སོ་སོར་ལས་འགན་སྤྲད་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཁྱབ་ཐུབ་རྒྱུ་དེ་གལ་ཆེན་པོ་འདུག་ཞུ་རྒྱུ་ཡིན།
དེ་རས་ང་ཚོས་དུས་ཚོད་མང་ཆེ་བ་དེ་རྩིས་ལོ་ཉིས་སྟོང་བཅུ་བཞི་བཅོ་ལྔའི་ལས་བསྡོམས་ཐོག་ལ་བཏང་པ་རེད། དེ་ཚོའི་ཐོག་ལ་ཡིན་ནའང་དངོས་གནས་དྲང་གནས་ཚང་མས་འགན་འཁུར་བཞེས་གནང་སོང་། སྐབས་རེ་སྐབས་རེ་ང་ཚོ་དུས་ཚོད་འདང་མ་འདང་དབང་གིས་སྟངས་འཛིན་བྱེད་དགོས་པའི་གནས་སྟངས་དེ་འདྲ་ཐུག་གི་ཡོད་རེད་མ་གཏོགས། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཕལ་ཆེར་དྲི་བ་དེ་འདྲ་ལྷག་མ་སོང་བསམས་པ་དེ་འདྲ་བྱུང་ཡོད། ཡང་མང་པོ་ཞིག་གྲོས་ཚོགས་སྔ་མའི་ནང་བཏང་བཞག་པ་དེ་འདྲ་བསྐྱར་ལྡབ་དེ་འདྲ་ཡོང་གི་ཡོད་རེད། གྲོས་ཚོགས་འདི་རང་གི་ནང་ལའང་བསྐྱར་ལྡབ་དེ་འདྲའང་ཡོང་གི་འདུག རྩ་བའི་ཆ་ནས་འཛིན་སྐྱོང་གིས་ལྷན་ཁང་རེ་རེ་བྱས་ནས་ཞིབ་ཚགས་པོའི་ཐོག་ནས་དྲི་བ་དང་བསམ་ཆར་གནང་བ་སོགས་ཀྱི་ཐོག་ལ་ཐུགས་ཁུར་ཆེན་པོ་བཞེས་གནང་སོང་། མང་ཚོགས་ལའང་དཔེ་མ་སྲིད་པའི་ཁེ་ཕན་ཆེན་པོ་བྱུང་ཡོད་རེད་བསམས་ཀྱི་འདུག འཛིན་སྐྱོང་ངོས་ནས་ཡིན་ནའང་། དྲི་བ་རེར་ལན་འདེབས་གནང་སྟེ་དེའི་བརྒྱུད་རིམ་ཐོག་ནས་མང་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གང་གནང་ཡོད་པ་དང་། དེ་ཚོ་ཚང་མའི་ཐོག་ལ་ཤེས་རྟོགས་གསལ་པོ་ཞིག་ཐུབ་ཡོད་པ། ལྷག་པར་དུ་ས་གནས་སོ་སོར་དཀའ་ངལ་ཡོད་པ་དེ་དག་ཀྱང་གྲོས་ཚོགས་འདིའི་ནང་གླེང་ཡོད།
གྲོས་ཚོགས་ཀྱི་ལས་རིམ་འདི་ལ་ཐུགས་སྣང་གནང་ཡོད་པ་ཡིན་ན་གནད་དོན་རེ་རེའི་ཐོག་ལ་འཛིན་སྐྱོང་གི་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་དེ་ཚོའི་ཐོག་ལ་དཔེ་མི་སྲིད་པའི་གསལ་པོ་བྱུང་སོང་། འདི་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས། དཔེར་ན་ཤེས་ཡོན་ཚོགས་ཆུང་ཡིན་ན། ཞིབ་འཇུག་བྱ་རྒྱུ་དང་དྲི་བ་བཟོ་རྒྱུ། སློབ་གྲྭ་སོ་སོར་བསྐྱོད་བྱས་ཞིབ་འཇུག་གནང་རྒྱུ། ལས་བསྡོམས་ཀྱི་སྙན་ཐོ་བཟོ་རྒྱུ་སོགས་ཀྱི་ཐོག་ལ་དུས་ཚོད་མང་པོ་བཏང་ཡོད། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་གསུང་པ་ནང་བཞིན་གཏན་གཏན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་ང་ཚོ་ལ་ལས་འགན་མང་པོ་ཞིག་བསྐུར་སོང་བསམས་པ་ཞིག་ཡོང་སྲིད་པ་རེད་དེ། དེ་རིང་འདིར་ཤེས་ཡོན་ཚོགས་ཆུང་གི་ངོས་ནས་དེབ་བཏོན་པ་འདིས་འདས་པའི་ལོ་བཅུའི་ནང་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཆ་ཚང་ཞིག་ཡིག་ཆ་མང་པོ་བསྔོགས་མི་དགོས་པའི་ཐོག་ནས་ཡིག་ཆ་འདི་གཅིག་པུ་ཞིག་བལྟས་པ་ཡིན་ན་དེ་ག་རང་གི་ནང་ནས་ཤེས་ཐུབ་རྒྱུའི་གནས་སྟངས་ཤིག་བཟོས་སོང་། འདིའི་ཐོག་ནས་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ནང་བཀའ་མོལ་མང་པོ་བྱུང་སོང་། དེ་བཞིན་དཔེ་སྟོན་སློབ་གྲྭའི་གནས་སྟངས་ཐོག་ནས་བཀའ་མོལ་མང་པོ་བྱུང་བ་རེད། ཡིག་རྒྱུགས་ཀྱི་གྲུབ་འབྲས་འདི་ཁོ་རང་གནད་དོན་གཅིག་རེད།
ད་གིན་བཀུར་འོས་སྤྱི་འཐུས་གཅིག་གིས་གསུངས་སོང་། དཔེ་སྟོན་སློབ་གྲྭའི་ནང་ལ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་དགོས་པའི་དགོས་པ་དང་རྒྱུ་མཚན་གཙོ་བོ་འདི་སློབ་ཕྲུག་དེ་ཚོ་ལེགས་ཉེས་ཀྱི་རྣམ་པར་དབྱེ་བ་འབྱེད་ཐུབ་མཁན་གྱི་བློ་ཞིག་བསྐྲུན་རྒྱུའི་ཆེད་དུ་བཙུགས་པ་རེད། དེ་འདྲ་ཡིན་པར་བརྟེན་ཡིགས་རྒྱུགས་གཅིག་པུ་མིན་པར་དཔེ་སྟོན་སློབ་གྲྭར་ཐོན་པའི་སློབ་ཕྲུག་དེ་ཚོ་བཟང་བ་དང་ངན་པ། ལེགས་པ་དང་ཉེས་པ། ཡག་པ་དང་སྡུག་པ་དེ་འདྲའི་ལེགས་ཉེས་འབྱེད་ཤེས་པའི་བློ་ཞིག་བསྐྲུན་ཐུབ་རྒྱུའི་ཆེད་དུ་བཙུགས་པ་ཞིག་རེད། དེར་བརྟེན་གྲུབ་འབྲས་གཅིག་པུ་མིན་པར་མི་བཟང་པོ་ཞིག་དང་མི་ཡག་པོ་ཞིག་ཡོང་བར་ས་བོན་བཏབ་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ཚོགས་ཆུང་གི་སྙན་ཐོའི་ནང་ལ་འདི་འཁོད་འདུག འཛིན་སྐྱོང་ངོས་ནས་ཚོགས་ཆུང་བཙུགས་པའི་ཞིབ་བསྡུར་གྱིས་དེའི་ནང་གསལ་པོ་འཁོད་ཡོད་པར་བརྟེན། གནས་སྟངས་འདི་གྲུབ་འབྲས་གཅིག་པུ་ལ་གཞི་བཞག་ན་འགྲིག་གི་མི་འདུག་བསམས་པའི་བསམ་ཚུལ་ཞིག་བྱུང་བ་རེད། ལས་བསྡོམས་དང་འབྲེལ་བ་ཡིན་ནའང་རེད། ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་ནས་འདི་གཅིག་འབུར་དུ་བཏོན་ནས་ཞུས་ན་བསམས་སོང་།
དེ་ནས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆུང་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གིས་ཚོགས་མི་ཚོ་ཚོགས་ཆུང་གཉིས་གསུམ་ནང་ཕྱག་ལས་གནང་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། བཀུར་འོས་སྤྱི་འཐུས་ཤིག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་གྲོས་ཚོགས་ནང་གསུངས་པ་རེད། ཚོགས་གཙོ་གཉིས་ལའང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་འདུག མ་འོངས་པར་མི་མང་ཚོས་སྤྱི་འཐུས་འདེམས་པའི་སྐབས་སུ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཏན་ཏན་རེད། སྤྱི་པའི་འགན་ཞིག་འཁུར་རྒྱུའི་དམ་བཅའ་ལེན་ཚར་བའི་རྗེས་སུ་ལས་དོན་ག་འདྲ་ཞིག་ཡིན་ནའང་དེའི་ནང་མཉམ་ཞུགས་བྱེད་ཐུབ་པའི་ནུས་པ་དང་། འཇོན་ཐང་། དུས་ཚོད་གཏང་ཐུབ་པ་དགོས།
དེ་མིན་ཚོགས་ཆུང་འཛུགས་པའི་སྐབས་སུ་མི་གཅིག་ལ་སྐད་ཆ་དྲིས་པའི་སྐབས་སུ་ཞུགས་ཐུབ་ཀྱི་མི་འདུག གཉིས་ལ་སྐད་ཆ་དྲིས་པའི་སྐབས་སུ་ཞུགས་ཐུབ་ཀྱི་མི་འདུག གསུམ་ལ་སྐད་ཆ་དྲིས་པའི་སྐབས་སུ་ཞུགས་ཐུབ་ཀྱི་མི་འདུག་གསུང་པའི་སྐབས་སུ་མཚམས་རེ་སྤྱི་འཐུས་གཅིག་ལ་ལས་འགན་གཉིས་གསུམ་སྤྲད་དགོས་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག དེར་བརྟེན་ཚོགས་ཆུང་ནང་འགན་བཞེས་མཁན་སྤྱི་འཐུས་རྣམ་པ་ཚོར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་བྱུང་སོང་། གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་ཚོགས་ཆུང་ཡིན་ནའང་ས་གནས་སུ་བསྐྱོད་དགོས་སར་བསྐྱོད་པ་དང་། གནད་ཡོད་མི་སྣ་ཐུག་དགོས་སར་ཐུག་པ་དེ་འདྲ་བྱས་ནས་གནས་སྟངས་གསལ་པོ་ཡག་པོ་བཟོ་ཐུབ་པ་བྱུང་ཡོད།
ད་འདི་ནས་མར་གོམ་པ་སྤོ་རྒྱུ་དེ་རེད། གོམ་པ་སྤོ་དགོས་རྒྱུ་དེ་གང་ལྟར་གསོ་བ་རིག་པ་འདི་གལ་ཆེན་པོ་ཡིན་པ་ཚང་མས་གསུང་གི་འདུག མཐུན་རྐྱེན་སྦྱར་རྒྱུའི་སྐད་ཆ་ཤོད་སྐབས་ཡིན་ལ་མིན་ལའི་གནས་སྟངས་ཤིག་ཡོང་གི་འདུག ལྷན་ཚོགས་འདི་གནས་རྒྱུར་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་དགོས་ཀྱི་རེད་མ་གཏོགས། དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཞིག་ལ་མཐུན་རྐྱེན་སྦྱར་གྱི་མིན་ཞེས་བརྗོད་ན། དགོས་ཀྱི་འདུག་ཟེར་རྒྱུ་དང་གནས་མ་གནས་ཀྱི་གནས་སྟངས་གཉིས་ཏག་ཏག་ཅིག་བསྡད་ཀྱི་མེད། དེར་བརྟེན་འཛིན་སྐྱོང་གི་ངོས་ནས་དེ་སྔ་ཐག་ཆོད་གང་ཟིན་ཡོད་ཀྱང་། དེ་རིང་གྲོས་ཚོགས་ཀྱི་ཚོར་བ་དེ་དང་། གྲོས་ཚོགས་ཀྱི་ཐག་ཆོད་འདིའི་འོག་ནས་གནང་ཐབས་གསར་པ་གང་གནང་དགོས་ཀྱི་ཡོད་པའི་ཐོག་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་བསམས་ཀྱི་འདུག
དེ་ཙམ་མ་ཟད་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ཁ་སེང་ཚོགས་ཆུང་གིས་མཐུན་རྐྱེན་སྦྱར་ནས་ཚོགས་ཆུང་གི་མཉམ་དུ་བཅར་རྒྱུའི་གོ་སྐབས་བྱུང་ཡོད། མི་དང་འབྲེལ་བ་ཡང་ཆགས་ཡོད། ཉིན་མ་གཅིག་གཉིས་ནང་རྒྱ་གར་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྡ་སར་ཕེབས་ཀྱི་ཡོད་པར་བརྟེན། དེ་ཚོའི་གོ་སྐབས་བླངས་ནས་སྨན་རྩིས་ཁང་ཡིན་རུང་སྒྲིག་འཛུགས་ཀྱི་སྡེ་ཚན་ཆ་ཚང་ཞིག་ཁོང་ཚོར་ངོ་སྤྲོད་ཞུས་ཏེ་ཁོང་ཚོའི་ཡིད་ཆེས་འཕེར་བ་བཟོ་དགོས་རྒྱུ་དང་། དེ་བརྒྱུད་ནས་ང་ཚོར་རྒྱབ་སྐྱོར་གང་འདྲ་ཞིག་རག་དགོས་ཀྱི་ཡོད་མེད་སོགས་ཚང་མ་མུ་མཐུད་ནས་འབད་བརྩོན་ཞུ་དགོས་ཀྱི་འདུག
ལྷག་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཁྱེར་མཁན་སུ་ཞིག་ཡིན་རུང་ས་གནས་སམ་མངའ་སྡེ། ཡང་ན་དབུས་གཞུང་ག་སྨན་པའི་ལྷན་ཚོགས་ཡིན་རུང་ཐེངས་འདིར་འབྲེལ་བ་བཟོས་བཞག་པ་དེ་མུ་མཐུད་ནས་ཡག་པོ་ཉར་དགོས་རྒྱུ་དང་། མ་འོངས་པར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་གནས་སྟངས་གང་འདྲ་ཡོང་གི་ཡོད་མེད་ཀྱི་ཐོག་ཤུགས་བརྒྱབ་དགོས་རྒྱུ་ད་རེས་ཐེངས་གཅིག་སྤྱི་འཐུས་ལྷན་ཚོགས་ཀྱིས་འབད་བརྩོན་བྱས་པ་དེའི་ཐོག་ནས་ནུས་པ་བཏོན་རྒྱུ་ཙམ་མ་ཟད། མུ་མཐུད་དེ་དཀའ་ལས་བརྒྱབ་ནས་འགྲོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ཞུ་འདོད་བྱུང་། གཞན་ཚོགས་ཆུང་ནང་གི་ཕྱོགས་བཞུགས་སྤྱི་འཐུས་རྣམ་པས་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་གི་གནས་སྟངས་དེ་ཚོའི་འོག་ནས་ཡག་ཐག་ཆོད་བྱུང་སོང་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་སྟེ་གྲོས་ཚོགས་ཚོགས་དུས་བཅུ་པ་གྲོལ་ཡོད་པ་བཅས།།