ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ནས ༢༥ བར་ཉིན་གྲངས་བཅུ་གཅིག་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་གྲངས་ ༣༠ བརྒལ་བ་དང། ཟུར་ཉན་གཞན་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་ཞུ་རྒྱུར། ཐེངས་འདིར་སྤྱི་འཐུས་རེ་ཟུང་ཞིག་སྐུ་གཟུགས་བདེ་མིན་ལ་བརྟེན་བཅར་ཐུབ་མེད། དེ་མིན་གཞན་རྣམས་སྐུ་གཟུགས་བདེ་ཐང་ཐོག་ནས་གྲོས་ཚོགས་སུ་བཅར་བ་དེ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་ཕྱི་ཟླ་ ༩ པའི་གྲོས་ཚོགས་རེད།
དེའི་ནང་གྲོས་གཞི་གཙོ་བོ་ཁག་ནི། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ཕྱག་ལས་གནང་པའི་ལས་བསྡོམས་རྣམས་སྙན་སྒྲོན་ཞུ་རྒྱུ་དང་། དེའི་ཐོག་བགྲོ་གླེང་གནང་རྒྱུར་དུས་ཚོད་མང་བ་གཏོང་དགོས་ཀྱི་ཡོད་པ་མ་ཟད། ད་ལྟ་ཡིན་ནའང་བོད་ནང་ཛ་དྲག་གནས་སྟངས་གང་འདྲ་ཆགས་ཡོད་པ་དེའི་སྐོར་ཞིབ་ཕྲ་ཞུ་མི་དགོས་པར་ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢ ཉིན་ཏེ་མང་གཙོའི་དུས་དྲན་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་ཆ་ཚང་འཁོད་ཡོད། དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ནང་ནས་ལས་རིམ་དང་པོ་ནི། བོད་ནང་གི་ཛ་དྲག་གནས་སྟངས་ག་འདྲ་ཆགས་ཡོད་པ་དང་། ཕྱི་ཟླ་ ༣ ནས་ ༩ བར་བོད་ནང་རང་ལུས་མེར་སྲེག་བཏང་གནང་མཁན་གྱི་གནས་སྟངས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཐོག་ནས་ཡོང་རྒྱུ་རེད། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ཕྱི་ལོ་ ༢༠༠༨ ནས་ད་བར་གདུང་སེམས་སྐྱེའི་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་གི་ཡོད། ཐེངས་འདིའི་གྲོས་ཚོགས་ནང་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཞིག་ཡོད།
དེང་སྐབས་རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད། ལྷག་པར་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེས་རྐྱེན་པས་སྤྱི་ཚོགས་དང་། ཆབ་སྲིད་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་སྲིད་པ་རེད། དེ་ཚོ་ལ་ང་ཚོས་ཞིབ་ཚགས་པོས་བལྟ་དགོས་རྒྱུ་དེ་གནད་འགག་ཅིག་ཆགས་ཡོད། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ཚོགས་ཆུང་ཁག་གཅིག་གིས་སྙན་ཐོ་ཕེབས་རྒྱུ་རེད། ལྷག་པར་ཤེས་ཡོན་ཐོག་ཚོགས་ཆུང་བཙུགས་ཏེ་ལོ་གཅིག་ནང་དུས་ཚོད་མང་པོ་བཏང་སྟེ་སྙན་ཐོ་དེ་རིང་ཉིན་མ་དང་པོ་ནང་ཕེབས་རྒྱུ་དང་། དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་གིས་སྙན་ཐོ་ཕེབས་རྒྱུ་རེད། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཚོ་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་སྒྲིག་གཞི་འཆར་ཟིན་བསྐྱར་ཀློག་ཟིན་པ་དེ་བསྐྱར་དུ་གྲོས་ཚོགས་འདིའི་ནང་ཕེབས་རྒྱུ་ཆགས་ཡོད།
དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༦ པའི་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཟིན་པ་དེའི་རྗེས་སུ་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་གནང་རྒྱུ། མཇུག་སྐྱོང་གནང་བའི་ཐོག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་ཕྲ་གཟིགས་ཞིབ་གནང་པའི་སྙན་ཐོ་དེའང་ཐེངས་འདིའི་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་གྲོས་ཚོགས་ནང་འཛིན་སྐྱོང་བཀའ་ཤག་གིས་ཡིག་ཐོག་ནས་གསལ་བཤད་ཅིག་ཕེབས་ཀྱི་ཡོད་རེད། ཕྱོགས་མཚུངས་སྒྲིག་གཞི་བསྐྱར་བཅོས་ཁག་གཅིག་ཕེབས་རྒྱུ་རེད། དེ་དག་ཚང་མ་ལ་སྤྱི་འཐུས་རྣམ་པ་ཚོ་ཡིག་ཆ་སྔོན་ལ་བཀྲམ་ཟིན་པ་ལྟར། ཐུགས་ཞིབ་ཡག་པོ་གནང་ནས་གྲོས་ཚོགས་ནང་བགྲོ་གླེང་གནང་བའི་སྐབས་སུ་ཐུགས་འགན་ཆེ་བཞེས་ཐོག་ནས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ཆ་འོས་བསྡུའི་ལས་རིམ་འགྲོ་བཞིན་པར་བརྟེན་གྲོས་ཚོགས་ནང་བཀའ་མོལ་གསུང་སྟངས་དང་། རྣམ་དཔྱོད་སྟོན་སྟངས་དེ་ཚོའི་ཐོག་ལ་ཕྲན་བུ་ཁྱད་པར་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ཚང་མས་ཐུགས་གཟབ་གནང་སྟེ་སྤྱི་པ་དང་སྒྲིག་འཛུགས། རྩ་དོན་ལ་བསམས་ནས་གྲོས་ཚོགས་ནང་སོ་སོས་ཆ་ཤས་བཞེས་པའི་སྐབས་སུ་དགོངས་པར་རྩ་ཆེ་ཤོས་བཞེས་དགོས་རྒྱུ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།
དེ་མིན་མཚམས་རེ་བར་ཆད་འདྲ་འཕྲད་ཀྱི་ཡོད། ད་བར་གྲོས་ཚོགས་ཀྱི་འགྲོ་སྟངས་དང་གང་ཅིའི་ཐོག་ལ་ཡག་ཐག་ཆོད་བྱུང་ཡོད། ཐེངས་འདིའི་གྲོས་ཚོགས་འདིའི་ནང་དུའང་དེ་སྔ་མཐུན་འགྱུར་གནང་བ་ལྟར་འཛིན་སྐྱོང་བཀའ་ཤག་ངོས་ནས་ཡིན་ནའང་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་རེད། རྒྱ་ཆེ་སར་དགོངས་ནས་གྲོས་ཚོགས་ལ་བར་ཆད་མི་ཡོང་བའི་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་འདིའི་ནང་དུ་རྩ་བའི་སྐུ་གཟུགས་བདེ་པོ་མེད་ནའང་ཆེད་བསྔགས་གྲོས་ཚོགས་འདིའི་ནང་འགན་འཁུར་ཏེ་ཕེབས་མཁན་ཡང་ཡོད་རེད། སྤྱི་འཐུས་རྣམ་པ་གཉིས་ཐེངས་འདིའི་གྲོས་ཚོགས་ཚ་ཆང་དགོངས་པ་ཞུས་པ་རེད། སྤྱི་འཐུས་གཅིག་ད་ཆ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཡོད་པ་མ་གཏོགས་དེ་མིན་སྤྱི་འཐུས་ཚང་མ་ཕེབས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གོང་དུ་འབོད་སྐུལ་ཞུས་པ་བཞིན། གྲོས་ཚོགས་ཚགས་ཚུད་པོ་དང་། ལས་དོན་ཡག་པོ་སྒྲུབ་རྒྱུའི་ཆེད་དུ་ཚང་མས་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་རྒྱ་རིགས་ཐར་ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་ཨ་ཅྰ་རྱ་ཡེ་ཤེས་ཕུན་ཚོགས་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད་པ་བཅས། །