༢༠༡༥ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། བཀྲས་མཐོང་དབང་པོ་ལགས་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་སི་ཀོཊ་ལེཎཌ་ Scotland གྲོས་ཚོགས་འཐུས་མི་གྲངས་ ༤༢ ཀྱིས་ང་བོད་དང་མཉམ་དུ་ཡོད་ I Stand with Tibet ཅེས་པའི་བོད་དོན་རྒྱབ་སྐྱོར་གྱི་སྙན་ཞུའི་ཐོག་མཚན་རྟགས་བཀོད་གནང་ཡོད། བོད་དོན་རྒྱབ་སྐྱོར་གྱི་སྙན་ཞུ་འདི་བཞིན་འདི་ལོ་ཕྱི་ཟླ་ ༡༡ ནང་ཡུ་རོབ་གྲོས་ཚོགས་དང་། དེ་བཞིན་རྒྱལ་སྤྱིའི་ལྷན་ཚོགས་འདྲ་མིན་ལ་འབུལ་རྒྱུ་ཡིན་འདུག
དེ་ཡང་སི་ཀོཊ་ལེཎཌ་གྲོས་ཚོགས་འཐུས་མི་གྲངས་ ༤༢ ནས་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་པ་མ་ཟད། སི་ཀོཊ་ལེཎཌ་གྲོས་ཚོགས་ནང་བོད་ཀྱི་སྐོར་ལ་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད། འགྲེམས་སྟོན་དེའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ལུགས་ངོ་སྤྲོད་གནང་བ་མ་ཟད། ཨེ་བར་ཌིན་ Aberdeen University གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་གནའ་བོའི་མི་རྒྱུད་དཔྱད་ཞིབ་རིག་པ་བ་སློབ་དཔོན་སྐུ་ཞབས་མར་ཊིན་མིལ་སི་ Martin Mills མཆོག་གིས་ཕྱོགས་སྒྲིག་གནང་བའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེམས་སྤེལ་ཞུས་ཡོད་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ཧུ་ཌ་སོན་ Davis Hudson ལགས་དང་གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སི་ཀོཊ་ལེཎཌར་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཞབས་ཨེ་ལེཀ་སི་སལ་མོན་ཌི་ Alex Salmond ལགས་ཀྱིས་མཇལ་འཕྲད་ཞུ་མི་ཐུབ་པའི་རྒྱུ་མཚན་སྐོར་
དྲི་བ་གནང་བའི་སྐབས་ཁོང་གིས་མ་འོངས་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སི་ཀོཌ་ལེཎཌ་ས་གནས་སུ་ཆིབས་སྒྱུར་བསྐྱངས་སྐབས་དགའ་སྤྲོའི་ངང་ནས་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་འདུག