ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༣ རེས་གཟའ་ཉི་མའི་ཉིན་མེག་ལོཌ་གྷན་ཇིར་རྟེན་གཞི་བྱས་པའི་མེག་གཱ་ཝན་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་རོ་ཌི་རི་སྐྱིད་སྡུག་ཚོགས་པས་གོ་སྒྲིག་གནང་ཐོག་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ ནས་ ༡༣ བར་ཕྱི་ལོ་ ༢༠༡༥ ལོའི་ལྷོ་ཤར་ཨེ་ཤི་ཡའི་སྤྱི་ཚོགས་ཞབས་ཞུའི་ལྷན་ཚོགས་ (Rotaract south east asia summit 2015) ཞེས་པའི་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་བཞིན་བཀའ་བློན་མཆོག་གིས་ཆེད་ཕེབས་དང་སྦྲགས་གསུང་བཤད་གནང་ཡོད།
དེ་ཡང་ཐེངས་འདིའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུའི་ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་མངའ་སྡེ་ཁག་གཅིག་དང་། བལ་ཡུལ། འབྲུག པ་ཀི་སི་ཐན། བྷང་ལ་དེཤ བཅས་ནས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༥༠ ཙམ་འདུ་འཛོམས་གནང་ཡོད་འདུག ཐོག་མར་རྒྱལ་ཁབ་སོ་སོའི་རྒྱལ་གླུ་ལེན་པ་དང་། དེ་བཞིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཁག་གཅིག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན། མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་མཇུག་སྡོམ་ཉིན་མོར་གཟི་བརྗིད་ལྡན་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་རྒྱལ་གླུ་ལེན་པ་དང་། ཕྱོགས་མཚུངས་བོད་ཀྱི་རྒྱལ་གླུ་དེ་ཡང་རྣམ་པ་ཚོ་དང་ལྷན་དེ་རིང་འདིར་ལེན་རྒྱུ་བྱུང་བར་ངས་རྣམ་པ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་གི་མཇུག་སྡོམ་མཛད་སྒོའི་ཐོག་ང་ལ་འདིར་ཡོང་དགོས་པའི་མགྲོན་ཤོག་གནང་བ་བཞིན་ང་རང་དགའ་སེམས་ཆེན་པོའི་ངང་ནས་འདིར་ཡོང་འདོད་བྱུང་། དེ་ནི་ང་ལ་མཚོན་ན་འདིར་ཡོང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་མཐོང་གི་འདུག རྒྱུ་མཚན་གང་ཡིན་བརྗོད་ན་ཁྱེད་རང་ཚོའི་ཚོགས་པའི་དམིགས་ཡུལ་དེ་བཞིན་རང་ཉིད་ལས་ཀྱང་ཞབས་ཞུ་གཙོ་བོར་འཛིན་པའི་ཐོག་ནས་ཕྱག་ལས་གནང་བ་དེར་ངོས་ནས་གུས་བརྩི་དང་རིན་ཐང་མཚོན་བྱེད་འདིར་བཅར་བ་ཞིག་ཡིན། དེ་སྔོན་རྡོ་རྗེ་གླིང་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་དང་། གཞོན་སྐྱེས། དེ་བཞིན་སློབ་ཕྲུག་བཅས་ལ་རྣམ་པ་ཚོས་སྤེལ་བའི་ལས་འགུལ་དང་། བྱེད་སྒོ་ཁག་གིས་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་རང་ལྟ་བུར་མཚོན་ན་འདི་ལྟ་བུའི་སེམས་ཤུགས་ཐོག་མར་སྦྱིན་མཁན་རོ་ཌི་རི་སྐྱིད་སྡུག་ཚོགས་པའི་ཚོགས་མི་ཡིན་པ་ངའི་དགེ་བའི་བཤེས་གཉེན་པར་ཀཱཤ་ (Parkash) ལགས་ཡིན། ད་ལྟ་རྣམ་པ་ཚོས་ལག་བསྟར་གནང་བཞིན་པའི་རང་ཉིད་ལས་ཀྱང་ཞབས་ཞུ་གཙོ་ཆེ་ཞེས་པ་འདི་རང་ཉིད་ལ་ཕན་པ་ཆེ་ཤོས་ནི། གཞན་ལ་ཇི་ཙམ་གྱི་ཕན་ཐོགས་དང་ཞབས་ཞུ་གང་ལེགས་བསྒྲུབས་པ་དེ་ཡིན། དེ་ནི་ཆོས་ཕྱོགས་ནས་གསུངས་པའི་བསླབ་བྱ་ཞིག་ཀྱང་ཡིན། དེ་བཞིན་རྣམ་པ་ཚོས་ལག་བསྟར་གནང་བཞིན་པའི་དམིགས་ཡུལ་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་ནམ་ཡིན་ལ་གཞན་ཕན་བསྒྲུབ་དགོས་པའི་བཀའ་སློབ་ཡང་ཡང་སྩལ་གནང་གི་ཡོད། ང་ཚོ་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གཞན་གཅེས་པར་འཛིན་པའི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཡིན་པར་ཡིད་ཆེས་ཞུ་གི་ཡོད་ལ། རྣམ་པ་ཚོས་མཁྱེན་གསལ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས་རྒྱུན་དུ་བཀའ་སློབ་སྩོལ་བཞིན་ཡོད།
དེ་རིང་ཚོགས་འདུ་འདིའི་ཐོག་བལ་ཡུལ་ནས་ཚོགས་བཅར་བ་མང་པོ་ཞིག་ཕེབས་འདུག སྤྱིར་ང་ཚོ་ཚང་མས་མཁྱེན་གསལ་བཞིན་ཉེ་ལམ་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་རྐྱེན་པས་དཀའ་ངལ་བྱུང་ཡོད་ཀྱང་། སེམས་ཤུགས་ཀྱིས་ཚོགས་འདུར་བཅར་ཐུབ་པ་དེར་ངས་བསྔགས་བརྗོད་ཞུ་བཞིན་ཡོད། རྣམ་པ་ཚོ་དགུང་ལོ་གཞོན་སྐབས་ནས་སེམས་ཁུར་བླངས་ནས་གཞན་གྱི་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཧ་ཅང་གི་བྱ་བ་རླབས་ཆེན་ཞིག་རེད། ནམ་རྒྱུན་ང་རང་གི་ཆེས་ཡིད་སྨོན་བྱ་སའི་ཨ་མ་ཊི་རི་སས་ (Mother Teresa) རང་ཉིད་ལ་དབང་བའི་དེ་རིང་གི་དུས་ཚོད་འདི་ཆུད་ཟོས་སུ་མ་བཏང་བར་དེ་རིང་ཉིད་ནས་འགོ་འཛུགས་བྱ་དགོས་པ་ལས་ཁ་སང་དང་སང་ཉིན་གྱི་དུས་ཚོད་ལ་ཁག་དཀྲི་བྱས་ཏེ་ལས་བཤོལ་བྱ་མི་རུང་། (Yesterday is gone.Tommarow has not yet come.We have only today.Let us begin.) ཞེས་གསུངས་པ་བཞིན་མི་ཚེའི་ནང་བྱ་བ་གང་འདྲ་ཞིག་ཡིན་རུང་ཕྱི་བཤོལ་མེད་པ་གནང་དགོས་པ་ཡིན།
མཐའ་དོན་རྣམ་པ་ཚོ་གཞན་ཕན་ཆེད་ཕྱག་ལས་གནང་མཁན་ཤ་སྟག་ཡིན་པར་བརྟེན་ངའི་ཞུ་འདོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་རྒྱུན་དུ་བཀའ་སློབ་ལམ་སྟོན་སྩལ་བའི་ནང། རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱོས། དེ་ནི་གྲུབ་འབྲས་སྨིན་པའི་ལྡེ་མིག་གཙོ་བོ་དེ་ཡིན་ཞེས་བཀའ་སྩལ་ཡོད། དེར་བརྟེན་རྣམ་པ་ཚོ་མ་འོངས་པར་གྲུབ་འབྲས་ལེགས་སོན་ཡོང་བ་དང་། སོ་སོའི་སྤྱི་ཚོགས་དང་རྒྱལ་ཁབ། དེ་བཞིན་ཆེ་ས་ནས་རྒྱལ་སྤྱིའི་སྟེང་ཕན་ཐོགས་བསྒྲུབ་ཐུབ་པའི་མི་སྣ་ཞིག་ཆགས་ཐུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། །ཞེས་གསུང་བཤད་གནང་། དེ་རྗེས་བཀའ་བློན་མཆོག་གིས་ཐེངས་འདིའི་ཚོགས་འདུའི་ནང་གྲུབ་འབྲས་རྩེ་ཕུད་སོན་པ་རྣམས་ལ་བྱ་དགའ་གནང་སྟེ་ལས་རིམ་མཇུག་སྒྲིལ། །