ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༠ ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ལྷོ་ཀོ་རི་ཡ་བོད་ཁང་གིས་གོ་སྒྲིག་གནང་ཐོག་ལྷོ་ཀོ་རི་ཡའི་ Seoul རྒྱལ་ས་སི་ཨོལ་ནང་ཡོད་པའི་ Yoresan ཡོ་རི་སན་ལྷ་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུས་འདུག
ཐེངས་འདིའི་སྐུའི་གྱ་སྟོན་གྱི་མཛད་སྒོའི་ཐོག་མར་སྐུ་ཚེ་ཡུན་དུ་བརྟན་པའི་ཚེ་སྒྲུབ་ཀྱི་ཆོ་ག་ཁག་གསུང་འདོན་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་དད་ལྡན་ཕོ་མོ་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། སྐབས་དེར་ཀོ་རི་ཡ་དང་ཀོ་རི་ཡའི་ནང་གནས་སྡོད་བོད་མི་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་ལྷན་འཛོམས་གནང་འདུག དེ་རྗེས་ཀོ་རི་ཡ་བོད་ཁང་གི་འགན་འཛིན་དགེ་བཤེས་ནམ་མཁའ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་དབུ་ཁྲིད་བླ་ན་མེད་པ་ཞིག་ང་ཚོ་བོད་མི་རྣམས་ལ་ཡོད་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན།
གང་ཉིད་མཆོག་ནི་མཁྱེན་ཡོན་དང་བྱམས་བརྩེའི་རང་གཟུགས་མངོན་པར་མཐོ་བའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་ངོས་འཛིན་ཞུས་དང་ཞུ་མུས་ཡིན། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ངང་གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་དམ་བཅས་པའི་མཛད་ཁུར་གཙོ་བོ་གསུམ་ཡོད་པ་རྣམས་ནི། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་གནང་མཛད་རྒྱུ་དང་། གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་ཐོག་གོ་རྟོགས་དང་སྲུང་སྐྱོབ་མཛད་རྒྱུ་བཅས་ཉིན་མཚན་དུས་དྲུག་ཏུ་ཐུགས་བརྩོན་ལྷོད་མེད་མཛད་བཞིན་ཡོད། རྒྱུ་མཚན་དེར་བརྟེན་མགོན་པོ་གང་ཉིད་མཆོག་གི་མཛད་རྗེས་ལ་དད་གུས་ཆེ་ཞིང་འགྱུར་བ་མེད་པའི་དད་ལྡན་པ་མང་པོ་འདུ་བཞིན་ཡོད།
དེ་བཞིན་འཛམ་གླིང་ཁྱོན་ཡོངས་ནས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་དང་དགའ་གུས་ཀྱི་བརྩི་བཀུར་ཆེན་པོ་ཞུ་བཞིན་ཡོད། འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་འབངས་མི་སེར་ས་ཡ་མང་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་ཞི་བདེ་དང་རང་དབང་གི་བདག་ཉིད་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད། དེ་རྗེས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ལུང་རྟོགས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་སོན་པོར་རྒྱུན་གནས་ཐུབ་པ་དང་། རྒྱལ་སྤྱིས་སྟེང་བོད་དོན་ལ་དོ་སྣང་བྱེད་མུས་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད།
ད་ལྟའི་བོད་ནང་གི་གནས་སྟངས་ནི་ཛ་དྲག་སྡུག་སྦྱོང་འོག་གནས་ཡོད་ནའང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་གཞེངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་པ་དང་། དེར་བརྟེན་ཀོ་རི་ཡའི་མི་མང་གི་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཞིག་ཏུ་འགྱུར་ཡོད། ད་བར་ཀོ་རི་ཡའི་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་ཡོ་ར་སན་ལྷ་ཁང་དང་། ལྷ་ཁང་འདིའི་མཁན་པོ་ཇུང་གུ་སུ་ནིམ་ལགས་ཀྱིས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་འཇུག་ཆོས་པ་ཚོར་བོད་དོན་ཐོག་བརྩེ་སེམས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་མཚམས། བོད་དང་ཀོ་རི་ཡའི་གླུ་བ་གླུ་མ་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གནང་སྟེ་དགའ་དད་སྤྲོ་གསུམ་གྱི་རྣམ་པའི་ཐོག་ནས་༸སྐུའི་གྱ་སྟོན་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་བཅས། །