ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་ཁས་མི་ལེན་པ་ནི་བོད་མི་དང་མཉམ་གནས་བྱ་འདོད་མེད་པ་བསྟན་ཡོད།
ཁྲེན་དབུས་ཅན་གྱིས་བརྩམས། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བསྒྱུར།
༼མཆན། ཁྲེན་དབུས་ཅན་ཞེས་པ་ནི་ནིའུ་ཛ་ལན་ཌིར་གནས་འཁོད་བོད་དོན་རྒྱབ་སྐྱོར་བ་དྲག་གྲས་ཤིག་ཡིན་པ་དང་། ཁོང་གི་ད་བར་བོད་དོན་ལ་རྒྱབ་སྐྱོོར་གྱི་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་ལ་བཞུགས་སྒར་རྡ་སར་ཐེངས་མང་ཕེབས་ནས་༸གོང་ས་མཆོག་དང་མཇལ་མོལ་ཞུས་པ་དང་བོད་དོན་སྐོར་གྱི་ཚོགས་འདུ་མང་པོར་བཞུགས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་མང་པོ་སྤེལ་གནང་མྱོང་ཡོད།༽ ཉེ་ཆར། རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བསྐོང་ཚོགས་བྱས་ཏེ། དབུ་མའི་ལམ་ཟེར་བ་དེ་དོན་དངོས་སུ་ཁ་བྲལ་རིང་ལུགས་པའི་ཆབ་སྲིད་ཀྱི་རེ་བ་ཞིག་ཡིན། དབུས་གཞུང་གིས་འདས་པར་ཁས་ལེན་བྱེད་མྱོང་མེད་ལ། ད་ལྟ་ཡང་བྱེད་ཀྱི་མེད། མ་འོངས་པར་ཡང་ནམ་ཡང་ཁས་ལེན་བྱ་མ་སྲིད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་འཛིན་པའི་ལངས་ཕྱོགས་གསལ་སྟོན་བྱས་པ་དེ། ང་ཚོས་སྲིད་དབང་སྒེར་གཅོད་ལམ་དུ་འགྲོ་བཞིན་པའི་ཞི་ཅིན་ཕིང་གིས་བོད་ཀྱི་གནད་དོན་ལ་འཛིན་པའི་རྣམ་འགྱུར་དང་ལངས་ཕྱོགས་ཤིག་ལ་བརྩི་ཆོག རྒྱ་ནག་གཞུང་གིས་འཛིན་པའི་རྣམ་འགྱུར་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་དུས་དྲན་གྱི་གསར་འགོད་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་ཉིན་མོར་བརྡ་ལན་གནང་ཡོད་པ་སྟེ། བོད་འདི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཤིག་མིན་ནའང་། དབུ་མའི་ལམ་ནི་བོད་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་ཁོ་ན་ཡིན་པ་ནན་བཤད་གནང་ཡོད།
རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་བོད་ཀྱི་གནད་དོན་ལྷག་ཡོད་མ་རེད་ཅེས་བརྗོད་ཡོད་ཀྱང་། བོད་ཀྱི་ལས་དོན་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་ཚོགས་ཡོད། ཚོགས་འདུ་ཐེངས་དྲུག་པོ་འདིའི་ནང་ནས་ཕྱི་ལོ་ ༡༩༨༠ ལོར་ཧུ་ཡའོ་ཕང་གིས་གཙོ་སྐྱོང་བྱས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཕུད། དེ་བྱིངས་ཚང་མའི་གཞི་རྩའི་སྲིད་བྱུས་ནི་བོད་ཐོག་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་ཕྱོགས་ཐད་ཤུགས་སྣོན་བརྒྱབ་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་གི་ཤུགས་རྐྱེན་མེད་པ་བཟོས་པའི་ལས་འགུལ་དེ་དག་ཚང་མ། བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་རྩིས་མེད་བཏང་བ་ཞིག་རེད།
ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༨༠ ལོའི་ཟླ་ ༤ ནང་ཚོགས་པ་དང་། རྒྱ་ནག་དབུས་གཞུང་གིས་༼བོད་ཀྱི་ལས་དོན་ཚོགས་འདུའི་ཟིན་བྲིས་གནས་བསྡུས་༽ཆོག་མཆན་བཀོད་དེ་འགྲེམས་སྤེལ་བྱས་ཏེ། དུས་རབས་གསར་པའི་ཆ་རྐྱེན་འོག་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ལས་འགན་དང་འབད་ཐབས་བྱེད་པའི་དམིགས་ཚད་ནི། བོད་རིགས་ལས་བྱེད་དང་བོད་རིགས་མི་དམངས་ཀྱིས་གཙོ་བོ་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་དང་མི་དམངས་ཀྱི་མཐུན་སྒྲིལ་ཤུགས་སྣོན་བརྒྱབ་སྟེ། ཧུར་བརྩོན་གྱི་རྒྱུ་རྐྱེན་ཡོད་ཚད་འདོན་སྤེལ་བྱས་ནས། བོད་ཀྱི་དངོས་ཡོད་གནས་སྟངས་གཞི་བཟུང་། ལིང་པེའོ་དང་མི་བཞི་ཤོག་ཁག་གིས་བཟོས་པའི་རྨས་སྐྱོན་བཅོས་ཐབས་བྱེད་དགོས། ཧུ་ཡའོ་ཕང་གིས་བོད་ལ་འཛིན་པའི་སྲིད་བྱུས་རྒྱ་ཡིག་གི་འགྲོ་ལུགས་ལྟར་ཡིག་འབྲུ་དྲུག་ནང་བསྡུས་ཡོད་པ་སྟེ།༼ཁྲལ་ཆག གུ་ཡངས། མི་འགྲོ་༽དགོས་པ་དང་དེའི་ནང་ནས་གལ་ཆེ་ཤོས་ནི་མི་འགྲོ་དགོས་པ་ཞེས་པ་དེ་ཡིན།
དེའི་གོ་དོན་ནི་བོད་མིས་བོད་སྐྱོང་རྒྱུ་དེ་རེད། དེ་དང་ཆབས་ཅིག་བོད་ནང་གི་ལས་བྱེད་པའི་ས་མིག་གི་ཚད་གཞི་ཁ་གསལ་གཏན་འབེབས་བྱས་ནས་བོད་རིགས་ལས་བྱེད་བརྒྱ་ཆ་ ༩༥ ཟིན་དགོས་པ་དང་། རྒྱ་རིགས་ལས་བྱེད་ཐོས་པ་འམ་ལྷག་མ་རྣམས་བོད་ནས་རྒྱ་ནག་ཏུ་གཞིས་སྤོས་བྱ་རྒྱུ། བོད་ནང་གི་རྫོང་ཡན་ཆད་ཀྱི་འགོ་ཁྲིད་ཨང་དང་པོ་དེ་ངེས་པར་དུ་བོད་རིགས་ཏང་ཡོན་ལས་བྱེད་པས་འགན་འཁྱེར་དགོས་པ་བཅས་ཁ་གསལ་བཟོས་ཡོད།
ཧུ་ཡའོ་ཕང་གིས་མི་འགྲོ་དགོས་ཞེས་པའི་ཡིག་འབྲུ་དེས། རྒྱ་ནག་གཞུང་གིས་མི་ལོ་ཉི་ཤུ་ལྷག་ཙམ་རིང་བོད་ལ་འཛིན་པའི་སྲིད་བྱུས་ཀྱིས་བོད་ལ་བཟོས་པའི་གོད་ཆག་དང་བོད་མི་མང་ལ་སྡུག་བསྔལ་བཟོས་པ་དེར་བསམ་ཞིབ་ནན་པོ་བྱས་ཏེ་ཐག་གཅོད་གནང་བ་ཞིག་དང་། བོད་ཀྱི་དཀའ་ངལ་སེལ་བའི་ཕྱོགས་བསྡོམས་ཚད་མཐོ་ཤོས་དེ་ཆགས་ཡོད། ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་ནི་ཧུ་ཡའོ་ཕང་གིས་བོད་མིས་བོད་སྐྱོང་བའི་ལངས་ཕྱོགས་ལ་བཟང་པོའི་བརྡ་ལན་གནང་བ་ཞིག་ཡིན། དེ་ཡང་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བའི་ད་ལྟའི་ནས་བབ་ལ་ཁས་མི་ལེན་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་ལེན་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད་པ་དེ་ཡིན།
ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་ནང་དོན་དང་ཧུ་ཡའོ་ཕང་གིས་བོད་སྐྱོང་སྲིད་བྱུས་དེ་གཉིས་ད་ལྟའི་དངོས་ཡོད་ཀྱི་ཆབ་སྲིད་གནས་བབ་འོག་མཉམ་དུ་འབྲེལ་ཆེ་ཤོས་ཤིག་ཆགས་ཡོད་པ་བཤད་ཆོག དེ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་རྒྱུན་གནས་དང་། མི་རིགས་དབར་མཐུན་སྒྲིལ། སྤྱི་ཚོགས་གཏན་ལྷིང་། རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཞི་བདེ་མཉམ་གནས་ལེགས་ཤོས་ཡོང་བའི་བྱ་ཐབས་ཤིག་རེད། འོན་ཀྱང་། མི་རྣམས་ཤིན་ཏུ་བློ་ཕམ་སྐྱེ་འོས་པ་ཞིག་ལ་ཧུ་ཡའོ་ཕང་འདས་གྲོངས་སུ་གྱུར་བའི་རྗེས་རྒྱ་ནག་གཞུང་གིས་བོད་སྐྱོང་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ཁས་མི་ལེན་པར་བརྟེན། བོད་ཀྱི་གནད་དོན་ཉིན་རེ་བཞིན་ཚབས་ཆེ་རུ་ཕྱིན་པ་རེད།
རྒྱ་ནག་གཞུང་གིས་དབུ་མའི་ལམ་ཁས་མི་ལེན་པ་གང་ཡིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་སྔར་བཞིན་དབུ་མའི་ལམ་རྒྱུན་འཁྱོངས་བྱེད་དགོས་དོན་ནི། དབུ་མའི་ལམ་ནི་བོད་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་ཉག་གཅིག་ཡིན་པས། ཐབས་ལམ་འདི་རྒྱུན་འཁྱོངས་བྱེད་པ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་མ་ཟད། དེ་སྔའི་རྒྱ་ནག་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཧུ་ཡའོ་ཕང་གིས་བོད་སྐྱོང་སྲིད་བྱུས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་པ་ཞིག་ཀྱང་ཡིན། དེར་བརྟེན་རྒྱ་ནག་གཞུང་གི་འགོ་ཁྲིད་མི་སྣ་རིམ་པ་འཕོ་འགྱུར་ཕྱིན་པ་དེ་ཚོས་ཡང་ནས་ཡང་དུ་ཁས་ལེན་བྱས་མེད་ནའང་། ད་དུང་མུ་མཐུད་ཐབས་ལམ་འདི་རྒྱུན་འཁྱོོངས་བྱེད་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད། དེ་དང་ཆབས་ཅིག་ཏུ་ཞི་ཅིན་ཕིང་ལ་དྲན་སྐུལ་གཏོང་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཞི་ཅིན་ཕིང་གིས་ནན་བཤད་བྱས་པ་ལྟར་འགྱུར་བ་འགྲོ་རྒྱུ་མེད་པ་ལྟར་མ་རེད།
བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་མིས་བོད་སྐྱོང་བའི་ལམ་ཕྱོགས་དེ། གུང་ཕྲན་ཏང་གིས་གཏན་འབེབས་བྱས་པའི་ལམ་ཕྱོགས་ཤིག་ཡིན་པ་ཁས་མི་ལེན་དཀའ་མེད་ཡིན་ཞིང་། དེ་མིན་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་པོ་དེ་རྩིས་མེད་བཏང་ནས་སྤྱི་ཁྱབ་དྲུང་ཆེ་ཧུ་ཡའོ་ཕང་ཟེར་བ་ཞིག་བྱུང་མྱོང་བ་ཁས་མི་ལེན་ནའང་། རྒྱ་ནག་གཞུང་གིས་ཏང་གི་ལོ་རྒྱུས་ཐོག་འཁོད་ཟིན་པའི་ཡིག་ཆ་ཞིག་ཡིན་པར་བརྟེན་ངོས་ལེན་མི་བྱེད་དཀའ་མེད་ཀྱི་དངོས་དོན་ཞིག་ཆགས་ཡོད། ད་ཆ་རྒྱ་ནག་གཞུང་གིས་མ་འོངས་པར་ཡང་དབུ་མའི་ལམ་ནམ་ཡང་ཁས་ལེན་བྱ་མི་སྲིད་ཅེས་བརྗོད་ཚུལ་དེ་ལྟ་བུར་མཚོན་ནའང་། རྒྱ་ནག་གཞུང་གིས་ད་ཕན་དུས་རབས་ཕྱེད་ཙམ་རིང་སྲིད་བྱུས་ག་ཚོད་མང་པོ་འགྱུར་བ་བཏང་ཟིན་པ་ནས་མཐོང་ཐུབ་པ་ཞིག་ལ། སྲིད་བྱུས་ཚང་མ་དུས་དང་སྐབས་དུས་སོ་སོའི་གནས་སྟངས་ལ་ལྟ་རྒྱུ་ཡིན་ན། ད་ལྟ་ག་རེ་བྱས་ཏེ་མཐར་ལྷུང་བའི་ཚིགས་ཐག་བཅད་ཀྱི་ཡོད་དམ།
ཞི་ཅིན་ཕིང་རྒྱ་ནག་གཞུང་གི་ཆེས་མཐོའི་དབང་འཛིན་པ་ཆགས་པ་ནས་བཟུང་། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། རིག་གནས་ཀྱི་གནས་སྟངས། སྐྱེ་དངོས་ཀྱི་ཁོར་ཡུག་བཅས་ཚང་མ་སྔར་ལྷག་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། བོད་མིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་པ་ཡང་ལོ་ནས་ལོ་མཐུད་དེ་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་ཉམ་ཐག་པའི་ཞི་རྒོལ་ཆེ་ཤོས་ཤིག་ལ་གྱུར་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ལམ་ཁས་མི་ལེན་པ་དེ་ནི་བོད་རྒྱ་མི་རིགས་གཉིས་ཞི་མཐུན་མཉམ་གནས་བྱ་འདོོད་ཁས་ལེན་གྱི་མེད་པར་བརྟེན། མིག་སྔའི་ཛ་དྲག་གི་གནས་བབ་འདི་མུ་མཐུད་དེ་ཇེ་སྡུག་ཏུ་འགྲོ་ངེས་རེད།
ད་རེས་ཀྱི་བོད་ཀྱི་ལས་དོན་ཚོགས་འདུས། “མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཕྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་བསམ་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ་”ཞེས་པའི་བརྗོད་ཚུལ་འདིས་ཚོགས་འདུས་གྲོས་ཆམ་ནས་ཡིག་ཐོག་ཏུ་འཁོད་པའི་ ” མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ “ཞེས་པ་དེ་དམར་དམར་རྗེན་རྗེན་གྱི་མི་སེར་སྤེལ་ཡུལ་གྱི་དབང་བསྒྱུར་ཞིག་ཏུ་བསྒྱུར་བ་བཏང་བ་མ་ཟད། དེ་བས་གལ་ཆེ་བ་ཞིག་ལ་བོད་མི་རིགས་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་པ་དེས། བོད་མི་རིགས་ལ་ཁྱོན་ཡོངས་ནས་རྩ་བརླག་གཏོང་བའི་བྱ་ཐབས་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པ་གསལ་སྟོན་བྱུང་བ་རེད།
རྒྱ་མི་རིགས་དེ་འདྲའི་ཆེ་བ་ཡོད་པ་དང་། བོད་མི་རིགས་དེ་འདྲའི་ཆུང་བ་ཡོད་ནའང་། དེའི་ཐོག་རྒྱ་ནག་དམར་གཞུང་གདུག་རྩུབ་ཆེ་བ་དང་། བོད་མི་རིགས་སེམས་བཟང་ཡོད་པ་གཉིས་དབར་གྱི་འཐབ་རྩོད་འདི། ཧ་ཅང་ཆ་མི་མཚུངས་པ་ཞིག་ཡིན་དུས། བོད་མི་རིགས་ཀྱིས་ཆུང་བས་ཆེ་བར་རྒོལ་དགོས་ན། གནད་དགག་ཐུག་ས་དེ་དབུ་མའི་ལམ་ལ་བརྟེན་ནས། ཞི་བའི་ལམ་གྱི་སྙིང་སྟོབས་དང་འཇིགས་ཞུམ་མེད་པར་དུས་ཚོད་གང་འདྲ་ཞིག་དང་གནས་སྟངས་གང་འདྲ་ཞིག་འོག་ཏུ་རང་གི་སེམས་གཏིང་དུ་རང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོ་ཡིན་པའི་དམ་བཅའ་བརྟན་པོ་བཞག་ནས་འབད་ཐབས་བྱེད་དགོས། རིག་གནས་ནི་མི་རིགས་ཤིག་འཚོ་གནས་བྱེད་པའི་གཞི་རྟེན་ཡིན་ན། རིག་གནས་མེད་པར་གྱུར་ན་མི་རིགས་དེ་ཡང་མེད་པ་ཆགས་རྒྱུ་རེད། རིག་གནས་མུ་མཐུད་གནས་ཐུབ་པ་ཡིན་ན་བོད་མི་རིགས་ཀྱི་གཞི་ནས་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་བྱུང་བའི་བོད་མིས་བོད་སྐྱོང་བ་དང་། བོད་མི་རང་གི་འདོད་མོས་ལྟར་འཚོ་བ་བསྐྱེལ་རྒྱུའི་ཉིན་མོ་དེ་བསྒུག་ཐུབ་པ་ཡིན་ནོ།། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ལ་རྡ་ས་ནས།།