ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ ཉིན་འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་བཅས་ཡིན་པའི་སྐུ་ཞབས་ཤན་ཏ་ཀུ་མཱར་ Shri Shanta Kumar མཆོག་གིས་དབུས་པའི་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་ལྕམ་སྐུ་མེན་ཀ་གཱན་རྡི་Smt Maneka Gandhi,Union Cabinet minister for Women and Child Development མཆོག བི་ཇེ་པི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ Shri Thupsten Tsewang BJP མཆོག ས་མ་ཇི་ཝ་ཏི་ཚོགས་པའི་ལྕམ་སྐུ་ཀ་ནཀ་ན་ཊ་སིངྒ་ Smt Kanak Nata Singh,Samajwadi མཆོག ཨའེ་ཨེན་ཨེལ་དྲི་སྐུ་ཞབས་རམ་ཀུ་མར་ཀ་ཤབ་ Shri Ram Kumar Kashyap,INLD མཆོག ཨའེ་ཨེན་སི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཐོག་ཆོམ་མིན་ཡ་ Dr Thokchom Meinya, INC མཆོག་བཅས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྲུང་བརྩི་ཞུ་སྐབས་ཀྱི་སྐུ་མགྲོན་དུ་གདན་ཞུས་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡ ཉིན་གྱི་དགོང་མོ་སྐུ་མགྲོན་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གྱིས་གསོལ་སྟོན་སྟབས་བདེ་ཞིག་དང་། གསོལ་སྟོན་ཐོག་བོད་གཞུང་ཟློས་གར་ཚོགས་པས་བོད་ཀྱི་རྐང་བྲོ་གླུ་གཞས་ཀྱི་རིག་གཞུང་འཁྲབ་སྟོན་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་པ་རེད། །