ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༩ ནས་ཕྱི་ཟླ་ ༡༠ ཚེས་ ༦ བར་ཉིན་གྲངས་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ་བྱང་ས་གནས་ཁག་དགུར་གནས་སྡོད་བོད་མི་འབྲོག་སྡེ་གཞིས་སྒར་ཁག་ཏུ་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་ལ་ཞིབ་འཇུག་དང་། མང་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་གནང་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༢༩ ཉིན་ལ་དྭགས་སླེ་ནས་ཆུ་ཤུལ་གཡར་འཕེལ་དངོས་གྲུབ་གླིང་དུ་ཕེབས་འབྱོར་གྱིས་མང་ཚོགས་ལྷན་ཚོགས་འདུ་དང་། གཟིགས་སྐོར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༣༠ ཉིན་ཆུ་ཤུལ་གཡར་འཕེལ་དངོས་གྲུབ་གླིང་ནས་ལ་བྱང་རྒོད་ཡུལ་ཕྱོགས་སུ་ཕེབས་ཐོན་གྱིས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་སྔ་དྲོ་ལ་བྱང་རྒོད་ཡུལ་གྱི་མང་ཚོགས་ལྷན་ཚོགས་འདུ་ཚོགས་རྗེས་ཉིན་རྒྱབ་ལ་བྱང་བཀག་གཞུང་གི་མང་ཚོགས་ལྷན་ཚོགས་འདུ་འཚོགས་རྒྱུ།
ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོར་ཧན་ལེའི་མང་ཚོགས་ལྷན་ཚོགས་འདུ་དང་གཟིགས་སྐོར་གནང་རྗེས་མ་ཁྱུ་ཁུལ་གྱི་མང་ཚོགས་ལྷན་ཚོགས་འདུ་འཚོགས་རྒྱུ། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་ལ་བྱང་ཉི་མའི་མང་ཚོགས་མཉམ་ཚོགས་འདུ་ཚོགས་རྗེས་ཆུ་མུར་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་ཆུ་མུར་མང་ཚོགས་མཉམ་ཚོགས་འདུ་འཚོགས་རྒྱུ།
ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་གསུམ་མདོའི་མང་ཚོགས་ལྷན་ཚོགས་འདུ་དང་། ཉིན་རྒྱབ་ས་སྨད་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་ས་སྨད་ཁུལ་གྱི་མང་ཚོགས་མཉམ་ཚོགས་འདུ་ཚོགས་རྗེས་ལ་དྭགས་སླེར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །